4418

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕ་དམ་པ་སངས་རྒྱས
Tibetan Definition དུས་རབས་བཅུ་གཉིས་པའི་འགོར་བྱོན་པའི་བོད་དུ་ཕེབས་མྱོང་བའི་རྒྱ་གར་གྱི་གྲུབ་ཐོབ་ཆེན་པོ་ཞིག གྲུབ་ཆེན་དེ་ཉིད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་སྐུ་གཤེགས་ནས་རིང་པོར་མ་ལོན་པར་བོད་དུ་ཕེབས་ཞེས་དེབ་སྔོན་དུ་གསུངས་ཏེ། དེབ་སྔོན་སྟོད་ཆ་༡༠༠དུས་མཚུངས་སུ་བསྒྲིགས་པའི་སྐབས་ལས། ཇོ་བོ་རྗེ་གཤེགས་འཕྲལ་ཙམ་ལ་དམ་པ་སངས་རྒྱས་བོད་དུ་བྱོན། ཞེས་གསུངས། ཞི་བྱེད་ཀྱི་གྲུབ་མཐའི་སྲོལ་གཏོད་པ་པོ་དང༌། ཁོང་བོད་དུ་ལན་ལྔ་བྱོན་པ་ལས་ལན་གསུམ་པའི་དུས་གཙང་དུ་སྐྱོ་སྟོན་བསོད་ནམས་བླ་མ་དང༌། དེས་མ་གཅིག་ལབ་སྒྲོན་སོགས་ལ་གནང་སྟེ་གཅོད་ཀྱི་གདམས་པའི་སྲོལ་ཡང་གཏོད་པར་མཛད། འདི་ནི་རྒྱ་གར་ལྷོ་ཕྱོགས་ཙཱ་ར་སེང་གེའི་བྱེ་བྲག་ཁྲོན་པའི་གླིང་དུ་སྐུ་འཁྲུངས། ཆུང་ངུ་ནས་སྒྲ་རིག་པ་སོགས་རིག་གནས་མཐའ་དག་ལ་མཁས་པར་སྦྱངས། ཝི་ཀྲ་མ་ཤཱི་ལའི་མཁན་པོ་དགེ་བའི་ལྷ་ལས་རབ་ཏུ་བྱུང༌། བླ་མ་གསེར་གླིང་པ་ལས་སེམས་བསྐྱེད། བླ་མ་མང་པོ་ལས་དབང་མནོས་པས་སྡོམ་པ་གསུམ་དང་ལྡན། མཚན་ཉིད་དང་སྒྲ་དང་རིག་པའི་བླ་མ་བཅུ་གཅིག ཕ་རྒྱུད་གཡོ་བ་རླུང་གི་བླ་མ་བཅུ་གཅིག མ་རྒྱུད་བདེ་བ་ཉམས་ཀྱི་བླ་མ་བཅུ་གཅིག ཕྱག་རྒྱ་ཆེན་པོ་བརྡའི་བླ་མ་བཅུ་གཅིག རིག་པ་ངོ་སྤྲོད་ཀྱི་བླ་མ་བཅུ་གཅིག་སྟེ་གྲུབ་ཐོབ་ཕོ་ལྔ་བཅུ་རྩ་བཞི་ལས་གདམས་པ་མཐའ་དག་མནོས། གོང་གི་བླ་མའི་གྲངས་འདྲེན་དུ། ཨིནྡྲ་བྷཱུ་ཏི། ཀླུ་སྒྲུབ་སོགས་ཆེས་སྔ་བར་བྱོན་པ་དང༌། དུས་ཕྱིས་སུ་བྱོན་པ་ཡང་ཅི་རིགས་ཤིག་བགྲངས་འདུག་པ་དུས་ཐོགས་མི་མཉམ་པར་སྣང་བ་ནི། དམ་པ་སྐུ་ཚེ་ཤིན་ཏུ་རིང་བར་བཞུགས་པས་ཡིན་པ་འདྲ་ཞིང༌། དམ་པ་མགོན་པོ་ཀླུ་སྒྲུབ་ཀྱི་སློབ་མ་ཡིན་ཚུལ་རྒྱ་ནག་གི་ལོ་རྒྱུས་འགའ་ཞིག་ནའང་སྣང་བས་བདེན་པ་འདྲ་ཞེས་ལྕང་སྐྱ་རོལ་པའི་རྡོ་རྗེས་གསུངས་པ་ཐུའུ་བཀྭན་གྲུབ་མཐར་གསལ། ལོ་དྲུག་ཅུ་རེ་ལྔའི་ཡུན་ལ་ཡུལ་ཐ་དད་དུ་བསྒོམས་པས། ཡི་དམ་གྱི་ལྷ་བཅུ་གཉིས་སོགས་ཀྱི་ཞལ་གཟིགས། ངོ་མཚར་མཁའ་སྤྱོད་ཀྱི་བླ་མ་སུམ་ཅུ་རྩ་དྲུག་གི་ཞལ་གཟིགས། མིག་སྨན། རྐང་མགྱོགས། རིལ་བུ། ས་འོག གནོད་སྦྱིན་མོ། རལ་གྲི། མཁའ་སྤྱོད་རྣམས་ཀྱི་དངོས་གྲུབ་འགྲུབ། མཆོག་གི་དངོས་གྲུབ་མཐོང་ལམ་ཆེན་པོའི་ཡེ་ཤེས་བརྙེས། ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པའི་གནས་སུ་སྤྱོད་པ་མཛད་ནས་གྲུབ་ཐོབ་ཀྱི་སྙན་པས་མཚན་ཡང་སྣ་ཚོགས་སུ་སྒྲོགས་སོ། །དེབ་སྔོན་དུའང་འདིའི་ལོ་རྒྱུས་ཅུང་ཟད་རྒྱས་ཙམ་སྣང༌།