4585

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱག་འཚལ་བ
Tibetan Definition <ན་མ྄> གུས་འདུད་བྱེད་པའི་དོན། འདུད་ཅེས་པ་དུད་པའམ་སྒུར་སྒུར་བྱེད་པའི་དོན་རེད། ལེགས་སྦྱར་དུ་ན་མ྄འམ་པྲ་ཎ་མ྄་ཞེས་པ་སེམས་དང་བའི་སྒོ་ནས་ལུས་དུད་པའམ་སྒུར་སྒུར་བྱེད་པ་ལ་ཟེར། ༼ ཕྱག་འཚལ་བའི་དགོས་པ་ནི ༽ དེ་ནི་གཙོ་བོ་ང་རྒྱལ་གྱི་གཉེན་པོ་ཡིན་པས་ང་རྒྱལ་ཆུང་དུ་གཏོང་བའི་ཆེད་ཡིན། བཀའ་གདམས་པའི་དགེ་བཤེས་རྣམས་ཀྱིས། ང་རྒྱལ་གྱི་སྒང་བུ་ལ། ཡོན་ཏན་གྱི་ཆུ་མི་ཆགས། ཞེས་ང་རྒྱལ་ནི་རང་རྒྱུད་ལ་ཡོན་ཏན་སྐྱེ་བའི་གེགས་ཀྱི་གཙོ་བོ་ཡིན་པར་གསུངས་པས་དེའི་གཉེན་པོ་བསྟེན་པའོ། །༼ ཕྱག་འཚལ་ཚུལ་ནི ༽ ཐལ་མོ་བཅར་ལེབ་སྦྱར་ན་མུ་སྟེགས་པའི་ལུགས་ཡིན་པས་མི་རུང་། ཁོང་སྟོང་བྱས་ (ཁོང་སྟོང་བྱས་པ་འདི་བོད་པར་གསར་བཟོ་བྱས་པ་མིན་པར་རྒྱ་གར་མཁས་པའི་གསུང་ལས་ཀྱང་འབྱུང་སྟེ། ཁ་ཆེའི་པཎྜི་ཏ་ཤྲདྡྷ་ཀ་ར་ཝརྨས་མཛད་པའི་ཆུ་གཏོར་གྱི་ཆོ་ག་ཞེས་བྱ་བ། སྡེ་དགེ་བསྟན་འགྱུར་རྒྱུད་འགྲེལ་༼ ཚུ་པ ༽༡༩༤ན༤ལས། ལག་པ་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་མཐེ་བོང་རྩེ་སྤྲད་དེ་ཚིགས་ཟུར་ཅན་རིན་པོ་ཆེ་ལྟ་བུར་བྱས་ལ་སྔགས་འདི་བརྗོད་དོ། །ཞེས་གསུངས་པའི་ཕྱིར་རོ) ལ་མཐེ་བོང་གཉིས་ནང་དུ་བཅུག་ནས་ཐལ་མོ་ནོར་བུའི་དབྱིབས་ལྟར་བྱས་ཏེ། རང་གི་སྤྱོ་བོ། མགྲིན་པ། སྙིང་གའི་གནས་གསུམ་ལ་སྦྱར་དགོས། དེ་ནི་སྒོ་གསུམ་གུས་པས་འདུད་པའི་མཚོན་དོན་རེད། ཡང་ན། སྤྱི་བོ་ལ་སྦྱར་བས་སྐུའི་ཡོན་ཏན། མགྲིན་པར་སྦྱར་བས་གསུང་གི་ཡོན་ཏན། སྙིང་གར་སྦྱར་བས་ཐུགས་ཀྱི་ཡོན་ཏན་འགྲུབ་པའི་རྟེན་འབྲེལ་དང་། ཡང་སྤྱི་བོ། དཔྲལ་བ། མགྲིན་པ། སྙིང་ག་སྟེ་གནས་བཞིར་སྦྱར་བའི་དབང་དུ་བྱས་ན། དཔྲལ་བར་སྦྱར་བས་སྐུའི་མཛོད་སྤུ་འགྲུབ་པའི་བག་ཆགས་འཇོག མཁས་པ་འགས། ཐལ་མོའི་ཁོང་སྟོང་གི་ཆོས་སྐུ་དང་། ནོར་བུ་དབྱིབས་ཀྱིས་གཟུགས་སྐུ་མཚོན་པར་ཡང་གསུང་ངོ་། །ཕྱག་འཚལ་བའི་ཚེ་སྐྱབས་ཡུལ་རང་གི་བླ་མའམ། རྒྱལ་བ་ཤཱཀྱ་ཐུབ་པ་སོགས་དཔག་ཏུ་མེད་པ་སྐུ་གསོན་པོར་བཞུགས་ཡོད་སྙམ་པ་བྱས་ཏེ། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་པའི་སྐྱབས་འགྲོ་བཞི་སྐོར་མ་འདི་བཏོན་ནས་ཕྱག་བྱ་བའམ། ཡང་ན། «སྤྱི་བཤགས» ཨུ་ཧུ་ལགས། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དགེ་འདུན་བཙུན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་ (རང་མིང་གིས་སྨོས) འདི་ཞེས་བགྱི་བས་ཚེ་རབས་འཁོར་བ་ཐོག་མ་མ་མཆིས་པ་ནས་ད་ལྟ་ལ་ཐུག་གི་བར་དུ། ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང་། མཚམས་མ་མཆིས་པ་ལྔ་བགྱིས་པ་དང་། དེ་དང་ཉེ་བ་ལྔ་བགྱིས་པ་དང་། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་དང་། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་དང་། ཕ་དང་མ་ལ་མ་གུས་པ་དང་། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་དང་། གྲོགས་ཚངས་པར་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་དང་། དཀོན་མཆོག་གསུམ་ལ་གནོད་པའི་ལས་བགྱིས་པ་དང་། དམ་པའི་ཆོས་སྤངས་པ་དང་། འཕགས་པའི་དགེ་འདུན་ལ་སྐུར་བ་བཏབ་པ་དང་། སེམས་ཅན་ལ་གནོད་པའི་ལས་བགྱིས་པ་ལ་སོགས་པ། སྡིག་པ་མི་དགེ་བའི་ཚོགས་བདག་གིས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ། མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་གི་ཚོགས་ཅི་མཆིས་པ་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དགེ་འདུན་བཙུན་པ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ། །མི་འཆབ་བོ། །འཆགས་སོ། །ཕྱིན་ཆད་ཀྱང་སྡོམ་པར་བགྱིད་ལགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་རང་གིས་ཐོགས་མེད་ནས་བསགས་པའི་སྡིག་སྒྲིབ་སྤྱི་དང་། ལྷག་པར་ཚེ་འདིར་བསགས་པའི་སྡིག་སྒྲིབ་རྣམས་དྲན་པར་བྱས་ཏེ། སྔར་བྱས་ལ་འགྱོད་སེམས་དྲག་པོ་དང་། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་སྙམ་པའི་ངུ་འཆོར་བའི་ཚོད་ཙམ་གྱི་འགྱོད་བཤགས་དྲག་པོ་བྱས་ན་གཉེན་པོ་ཧ་ཅང་སྟོབས་ཆེ་བས་སྡིག་སྒྲིབ་ངེས་པར་འདག་གོ། དེ་ཡང་རང་གི་སྐྱེ་བ་སྔ་མ་དང་ཕྱི་མའི་སེམས་ཅན་དཔག་ཏུ་མེད་པ་དེ་དག་ད་ལྟ་སྨྲ་ཤེས་དོན་གོ་མིའི་རྣམ་པར་གསལ་བཏབ་སྟེ་རང་གིས་ཕྱག་བྱེད་པ་དང་མཉམ་དུ་དེ་དག་གིས་ཀྱང་། འུར་ཆིལ་ལེར་སྐྱབས་འགྲོ་འདོན་ཞིང་ཕྱག་འཚལ་བའི་མོས་པ་བྱས་ན་རང་གི་ལུས་ཀྱིས་ནོན་པའི་ས་འོག་གི་རྡུལ་གྱི་གྲངས་དང་མཉམ་པའི་བསོད་ནམས་དཔག་ཏུ་མེད་པ་འཐོབ་པར་གསུངས་སོ། །ཡང་ལམ་རིམ་སྒོམ་བསྒྲུབ་བྱེད་མཁན་ཞིག་ཡིན་ན། རྗེའི་ཡོན་ཏན་གཞིར་གྱུར་མའམ། ཡང་ན་གུང་ཐང་རིན་པོ་ཆེས་གསུངས་པ་ལྟར། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ། །མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང་། །མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས། །ཤཱཀྱའི་གཙོ་བོ་དེ་ལ་ཕྱག་འཚལ་ལོ། །ཞེས་སོགས་རྗེའི་ལམ་རིམ་ཉམས་མགུར་རམ། ཡང་ན་རྗེའི་ལམ་རིམ་བླ་མ་བརྒྱུད་པའི་གསོལ་འདེབས་ (རྗེ་རིན་པོ་ཆེས་བྱང་རྭ་སྒྲེང་གི་བྲག་སེང་གེ་འདྲ་བའི་ཞོལ་དུ་གསོལ་འདེབས་འདི་ལྗགས་རྩོམ་མཛད་སྐབས། ཇོ་འབྲོམ་གཉིས་སོགས་ལམ་རིམ་གྱི་བརྒྱུད་པའི་བླ་མ་ཀུན་གྱི་ཞལ་གཟིགས་པས། བྱིན་རླབས་ཤིན་ཏུ་ཆེ་བར་གྲགས) «ལམ་མཆོག་སྒོ་འབྱེད» ཅེས་བྱ་བ་འདིའི་གསོལ་བ་འདེབས་ཞེས་པ་ཚིག་སྣ་བསྒྱུར་ཏེ་ཕྱག་འཚལ་ཞེས་པར་བཏོན་ན་ལེགས་པར་གསུངས། ཕྱག་གྲངས་གསོག་བྱེད་ན། གུང་ཐང་རིན་པོ་ཆེས་གསུངས་པ་ལྟར། ཐོག་མར། ན་མོ་མཉྫུ་ཤྲཱི་ཡེ། ན་མཿསུ་ཤྲཱི་ཡེ། ན་མོ་ཨུཏྟ་མ་ཤྲཱི་ཡེ་སྭཧཱ། ཞེས་པའི་ཕྱག་སྟོང་འགྱུར་གྱི་སྔགས་འདི་ལན་གསུམ་ཙམ་བརྗོད་ན་ལེགས། ཕྱག་དེ་སྡིག་སྒྲིབ་སྦྱོང་བ་ལ་གཙོ་བོར་དམིགས་པ་ཞིག་ཡིན་ན། ལྟུང་བཤགས་དང་འབྲེལ་ནས་གྲངས་གསོག་བྱེད་ན་སྡིག་སྒྲིབ་འདག་པ་ལ་གནད་ཆེའོ། །ཕྱག་འཚལ་བའི་ཚེ་ཝ་འཁྱུག་པ་ལྟར་ལྡང་བ་མྱུར་བ་ཞིག་དགོས། དེ་ལའང་གནད་ཅིག་ཡོད་དེ། སྤྱིར་ཕྱག་འཚལ་བས་ངན་སོང་དུ་མི་སྐྱེ་ཞིང་། སྐྱེས་ཀྱང་མྱུར་དུ་ཐར་བའི་རྟེན་འབྲེལ་ཡོད། ཡང་ཕྱག་འབུལ་ཚེ་དཔྲལ་བ་ས་ལ་མི་ཐུག་པར་སྒུར་ཙམ་སྒུར་ཙམ་བྱས་ན་དམྱལ་བ་མགོ་འཕྱངས་སུ་སྐྱེ་ཞིང་། ཐར་ནས་ཀྱང་སྒུར་སྐྱོན་དུ་སྐྱེ་བར། རྗེ་གུང་ཐང་པ་གསུང་ངོ་། །༼ ཕྱག་འཚལ་བའི་ཕན་ཡོན་ནི ༽བཅུ་སྟེ། ༡ གཟུགས་བཟང་ལ་མདོག་གསེར་གྱི་ཁ་དོག་ལྟ་བུར་འགྱུར་བ་དང་། ༢ མཛེས་ཤིང་མིག་ཏུ་སྡུག་པར་འགྱུར་བ་དང་། ༣ སྐད་སྙན་ཞིང་སྨྲ་བ་སྙན་པར་བཟུང་བའི་ཚིག་ཏུ་འགྱུར་བ་དང་། ༤ བག་ཚ་བ་མེད་པར་འཁོར་གྱི་ནང་དུ་འགྲོ་བ་དང་། ༥ ལྷ་དང་མི་རྣམས་དགའ་བར་འགྱུར་བ་དང་། ༦ གཟི་བརྗིད་ཆེན་པོར་འགྱུར་བ་དང་། ༧ གང་ཟག་ནི་འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་འགྲོགས་པར་འགྱུར་བ་དང་། ༨ ལོངས་སྤྱོད་ཆེ་བར་འགྱུར་བ་དང་། ༩ མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། ༡༠ མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་བའི་ཕན་ཡོན་ནོ། །ཞེས་རྗེ་གུང་ཐང་པས་གསུངས་པ་ལྟར་དང་། གཞན་ཡང་བསྒྲེ་བའི་ཚོམས་༡༢༦ལས། །བསོད་ནམས་འདོད་པའི་མི་ཡི་འཇིག་རྟེན་དུ། །སྦྱིན་སྲེག་མཆོད་སྦྱིན་ཅུང་ཟད་ཅི་བྱས་དེས། །གང་ཞིག་དྲང་པོའི་སེམས་ཀྱིས་ཕྱག་འཚལ་བ། །དེ་ཡི་བཞི་ཆར་ཡང་ནི་མི་ཕོད་དོ། །ཞེས་གསུངས། ཕན་ཡོན་གཞན་ཡང་འདི་ལྟར། སྡིག་སྒྲིབ་སྦྱོང་ཞིང་ཚོགས་གསོག་པ་དང་། ཚེ་འདིར་ཡང་བད་ཀན་དང་། སྐྲན་ནད། སྙིང་ནད། ཕོ་བའི་ནད་སོགས་ལས་གྲོལ་ཏེ་ལུས་ཁམས་བདེ་ཐང་དུ་གྱུར་ནས་ཚེ་རིང་པོར་འཚོ་བ་དང་། བོད་པའི་ངག་རྒྱུན་ལ། ཕྱག་མང་པོ་འཚལ་མཁན་ལ་སྐྲན་ནད་ (ཕྱི་རྒྱལ་བས་ཁེན་སར་ཟེར་བ་འདི) མི་འབྱུང་ཞེས་བཤད་སྲོལ་ཡོད། དེ་ནི་བདེན་པར་འདུག་སྟེ། ཕྱག་འབུམ་ཐེར་འགའ་ཤས་བཙལ་ནས་སྐྲན་ནད་སེང་དྲག་སོང་བའི་གྲྭ་པ་གཉིས་ཀྱི་ལོ་རྒྱུས་དངོས་སུ་མཐོང་ཐོས་བྱུང་། གཞན་ཡང་ངེད་ཀྱི་དགེ་ཕྲུག་ཅིག་ཕོ་ནད་ཀྱིས་ཡུན་རིང་མནར་ཏེ་སྨན་བཅོས་ཇི་ཙམ་བྱས་ཀྱང་མ་ཕན་པར། མཐར་གནས་མཆོག་རྡོ་རྗེ་གདན་དུ་ཕྱག་འབུམ་ཐེར་འགའ་ཤས་བཙལ་ཏེ་སེང་དྲག་སོང་ནས་གདོང་གི་ཤ་མདོག་ཀྱང་ཤིན་ཏུ་ལེགས་པར་གྱུར། འདི་དག་ནི་དངོས་ཡོད་གནས་ཚུལ་ཡིན་པས་སུས་ཀྱང་བསྙོན་དུ་ག་ལ་ཡོད། ཕྱག་དབྱེ་ན། བསྐུམ་ཕྱག་དང་བསྐྱང་ཕྱག་གཉིས་ཡོད། བསྐུམ་ཕྱག་ནི། ཡན་ལག་ལྔའི་ཕྱག་ཅེས་པ། དཔྲལ་བ། ལག་མཐིལ་གཉིས། པུས་མོ་གཉིས་བཅས་ལྔ་ས་ལ་གཏུགས་ཏེ་ཕྱག་བྱ་བ་ལ་ཟེར། བསྐྱང་ཕྱག་ནི། ལུས་ཐམས་ཅད་ཤིང་སྡོང་འགྱེལ་བ་ལྟར་ཁ་སྦུབ་ཏུ་ས་ལ་ཕབ་སྟེ། ལག་པ་གཉིས་ཐད་ཀར་བསྐྱངས་ཏེ་མགོ་བོའི་ཐད་དུ་ཐལ་མོ་སྦྱར་བ་དང་མཉམ་དུ་དཔྲལ་བ་ས་ལ་གཏུགས་པ་ལ་ཟེར། ཡང་དེ་ལ་དབྱེ་ན། ལུས་ཀྱི་ཕྱག ངག་གི་ཕྱག ཡིད་ཀྱི་ཕྱག་དང་གསུམ་མོ། །ཡང་ཕྱག་ནི་རྣམ་པ་གཉིས་ཏེ། ཡན་ལག་ལྔས་འཚལ་བ་དང་། སྒྱིད་པ་ལ་འཁྱུད་པས་འཚལ་བའོ། །ཡན་ལག་ལྔའི་ཕྱག་ནི། བསྐུམ་ཕྱག་དང་འདྲ། སྒྱིད་པ་ལ་འཁྱུད་པའི་ཕྱག་ནི། མདུན་དུ་ཙོག་པོར་འདུག་སྟེ་ཐལ་མོ་སྦྱར་ནས། ཕ་རོལ་པོའི་རྐང་པའི་མཁྲིག་མ་གཉིས་ལ་ལག་མཐིལ་གཉིས་འཁྱུད་དེ་རྐང་པ་ལ་སྤྱི་བོས་གཏུགས་པའོ། །སྒྱིད་པ་ལ་འཁྱུད་པའི་ཕྱག་གི་སྐོར་འདི་མཚོ་ཊཱིཀ་སྨད་ཆ་དགེ་སློང་མའི་རྣམ་འབྱེད་ན་གསལ། ༼ ཕྱག་འཚལ་བའི་སྒྲ་བཤད་ནི ༽ ཕྱག་ཐལ་མོ་དང་། འཚལ་བ་ནི་འབུལ་བ་སྟེ། ཕྱག་འབུལ་ཞུ་བའི་དོན་དུ་འདོད་པ་དང་། ཡང་ཕྱག་ཅེས་པ་བྱང་བ་དང་། འཚལ་བ་འདོད་པའི་དོན་ལ་སྦྱར་ནས། རང་རྒྱུད་ཀྱི་སྡིག་སྒྲིབ་བྱང་ཞིང་། སྐྱབས་ཡུལ་གྱི་ཡོན་ཏན་འདོད་པའི་དོན་དུ་བཤད་པ་དང་། ཡང་། འགའ་རེས། འཚལ་བ་འབུལ་བའི་དོན་དུ་བྱས་ནས། རང་ཉིད་སྐྱབས་ཡུལ་གྱི་ཕྱག་ཏུ་འབུལ་བའི་དོན་དུ་བཤད་པ་སོགས་མང་། ཁོ་བོ་ལྟར་ན། ཕྱག་ནི་འདུད་པ། འཚལ་བ་ནི་བྱེད་པའི་དོན་ཏེ། འདུད་པ་བྱེད་ཅེས་པའི་དོན་ནོ། །འཚལ་ཞེས་པ་བྱེད་པ་་ལ་འཇུག་པ་ནི། འདུལ་བ་ལུང་གཞི་ལས། ལྷ་བཀའ་བཞིན་འཚལ་ཞེས་གསུངས་པ་ལྟ་བུའོ། །ཞིབ་ཏུ་བཤད་ན། ཕྱག་ནི་ལག་པའམ་ཐལ་མོའི་ཞེ་ས། འཚལ་བ་ནི་བྱེད་པའི་དོན་ཏེ། ཐལ་མོ་བྱེད་པའམ་སྦྱོར་བ། ཡང་ན་ལུས་པོ་དུད་དེ་ལག་པས་སྐྱབས་ཡུལ་གྱི་ཞབས་ལ་རེག་ཅིང་གཏུག་པར་བྱེད་པས་ན་དེ་སྐད་ཅེས་བྱའོ། །དེང་སང་ཡང་རྒྱ་གར་གྱི་ཡུལ་སྲོལ་ལ་རང་གི་ཕ་མ་དང་རྒན་རབས་སོགས་ཀྱི་རྐང་པར་ལག་པས་གཏུགས་ཏེ་ཕྱག་བྱ་བའི་སྲོལ་མ་ཉམས་པར་མཐོང་རྒྱུ་ཡོད་ཅིང་། འདི་ནི་རྒྱ་གར་གྱི་ཐུན་མོང་མ་ཡིན་པའི་ཡ་རབས་ཀྱི་གོམས་སྲོལ་ཞིག་སྟེ། འཛམ་གླིང་གི་ཡུལ་གྲུ་གང་དུའང་མཐོང་རྒྱུ་མེད་དོ། །འདི་ཉིད་ལ་དཔེ་བླངས་ཏེ་བོད་ཀྱི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས། ཕྱག་བྱེད་པའམ་ཕྱག་འཚལ་ཞེས་པའི་ཚིག་འདི་བཟོས་པར་སེམས་སོ། །