4878

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀའ་བསྡུ་གཉིས་པ
Tibetan Definition ( འདུལ་བ) བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་ (སྡེ་པ་གཞན་དག་གིས། སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་བརྒྱ་ཉི་ཤུ་ལོན་པ་ན་བཀའ་བསྡུ་གཉིས་པ་མཛད་ཟེར་བ་ནི། རྒྱ་གར་ན་ལོ་ཕྱེད་ལ་ལོར་བརྩི་བའི་སྲོལ་ཡོད་པས་དེའི་དབང་དུ་བྱས་ནས་བཤད་པས། ལོ་བརྒྱ་དང་བཅུར་བཤད་པ་དང་དགོངས་པ་གཅིག་ཏུ་གནས་སོ) ན། དགོས་པ་རུང་མིན་གྱི་གཞི་བཅུ་བསལ་བའི་ཕྱིར། གནས་ཡངས་པ་ཅན་གྱི་ཀུསྨ་པཱུ་རིའི་གཙུག་ལག་ཁང་དུ། སྦྱིན་བདག་ཆོས་རྒྱལ་མྱ་ངན་མེད་ཀྱིས་ (བཀའ་བསྡུ་གཉིས་པ་འདི་ཆོས་རྒྱལ་མྱ་ངན་མེད་ཀྱིས་སྦྱིན་བདག་མཛད་ཟེར་བ་དང་། ཡང་ཏཱ་ར་ནཱ་ཐའི་ཆོས་འབྱུང་དུ་ལི་ཙ་བཱིའི་རིགས་ལས་བྱུང་བའི་རྒྱལ་པོ་དགའ་བྱེད་ཀྱིས་སྦྱིན་བདག་བྱས་ཟེར་བ་གཉིས་འདུག་པས། ད་དུང་དཔྱད་པར་འཚལ་ལོ) མཛད་དེ། དགྲ་བཅོམ་པ་གྲགས་པ་ལ་སོགས་པ་བདུན་བརྒྱས་བསྡུ་བ་གཉིས་པ་མཛད་དོ། །བཀའ་བསྡུ་གཉིས་པ་འདི་སྟོན་པའི་གཏད་རབས་བདུན་གྱི་ལྔ་པ་དྷི་དྷི་ཀ་དང་། དྲུག་པ་ནག་པོ་གཉིས་ཀྱི་སྐུ་དུས་སུ་བྱུང་བ་ཡིན་ནོ། །འདི་འཕགས་པ་དྷི་དྷི་ཀས་འཕགས་པ་ནག་པོ་ལ་བསྟན་པ་མ་གཏད་པའི་སྔོན་རོལ་ཞིག་ཏུ་འཕགས་པ་དྷི་དྷི་ཀ་ལོ་མང་པོ་སྙུན་གཞི་བཞེས་ཏེ་མ་ལ་ཝའི་ཡུལ་གྱི་བྱེ་བྲག་ཀཽ་ཤམྦྷི་ཁོ་ནར་བཞུགས་ནས། གནས་དེའི་གདུལ་བྱ་ཙམ་ལས། ཡངས་པ་ཅན་པའི་དགེ་སློང་དག་ལ་ཆོས་གསུངས་མ་ཐུབ་པས། ཡངས་པ་ཅན་པའི་དགེ་སློང་དག་གིས་མི་རུང་བའི་གཞི་བཅུ་སྤྱོད་བཞིན་དུ་འདི་ནི་ཆོས་ཡིན། འདུལ་བ་ཡིན། སྟོན་པའི་བསྟན་པ་ཡིན་ནོ་ཞེས་བསྒྲགས་ཤིང་མ་རུངས་པར་བྱས་པ་ལ་བརྟེན་ནས། དགྲ་བཅོམ་པ་གྲགས་པ་ལ་སོགས་པ་དགྲ་བཅོམ་པ་བདུན་བརྒྱས་དེ་སུན་ཕྱུང་སྟེ། ཀུསྨ་པ་རི་ཞེས་བྱ་བའི་གཙུག་ལག་ཁང་དུ་ལི་ཙ་བཱིའི་རིགས་ལས་བྱུང་བའི་རྒྱལ་པོ་དགའ་བྱེད་ཅེས་བྱ་བས་སྦྱིན་བདག་བྱས་ཏེ། བཀའ་བསྡུ་གཉིས་པ་མཛད་པར། ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ན་གསལ་བ་ལྟར་རོ། །འདིའི་ལོ་རྒྱུས་དངོས་འདུལ་བ་ལུང་ཕྲན་ཚེགས་གླེགས་བམ་གཉིས་པ་༣༢༣བ༤ལས་གསུངས་སོ། །