5560

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་པ་ཕྱི་དར
Tibetan Definition (འདུལ་བ) བསྟན་པ་ཕྱི་དར་ལ་ཚུལ་གཉིས་ཏེ། བསྟན་པའི་མེ་རོ་སྨད་ནས་གསོས་ཚུལ་ནི། གླང་དར་གྱིས་བསྟན་པ་བསྣུབས་པའི་དུས་སུ། གཙང་རབ་གསལ། གཡོ་དགེ་བྱུང་། དམར་ཤཱཀྱ་མུ་ནི་སྟེ་མཁས་པ་མི་གསུམ་དཔལ་ཆེན་ཆུ་བོ་རིའི་སྒོམ་གྲྭ་ན་བཞུགས་པ་ན་བཙུན་པ་ཁྱི་ར་བྱེད་པ་མཐོང་ནས་གཏམ་དྲིས་པས། རྒྱལ་པོ་གླང་དར་གྱིས་བསྟན་པ་བསྣུབས་པར་ཤེས་ཏེ། འདུལ་བ་དྲེལ་ཁལ་གཅིག་བཀལ་ཏེ་མངའ་རིས་སྟོད་དུ་བྲོས་ནས་གར་ལོག་ནས་ལམ་ཐོན་ནས། ཧོར་ཡུལ་ཡུལ་དུ་ཕྱིན་ཏེ་སྐད་རིགས་མི་གཅིག་པའི་སར་བསྟན་པ་དར་བར་བྱ་སྙམ་པ་ལ་དར་བར་མ་ནུས་ཏེ་མདོ་སྨད་ལྷོ་ངོས་གྱི་བི་རོ་ཚྭ་མཚོ་ན་ཚུར་བྱུང་སྟེ་རྨ་ལུང་རྡོ་རྗེ་བྲག་ར། ཨ་ཆུང་གནས་རྫོང་ཏན་ཏིག་ཤེལ་གྱི་ཡང་དགོན་ན་སྒོམ་ཞིང་ཡོད་པ་ལས། རྨ་ཆུ་ཁའི་ཕྱུགས་རྫིས་མཐོང་སྟེ་དགོངས་ཀ་མི་འདུག་པ་རྣམས་ལ་སྨྲས་པས། ལས་དང་སྐལ་བར་ལྡན་པ་མོས་པས་སྤྱོད་པའི་ས་པ་མུ་གཟུ་གསལ་འབར་བྱ་བས་བལྟར་ཕྱིན་པས་དད་ནས་རབ་ཏུ་འབྱུང་བར་ཞུས་པས། འདུལ་བའི་པོ་ཏི་གཏད་ནས་འདི་ལྟོས་དད་ན་རབ་ཏུ་དབྱུང་གསུངས། བལྟས་པ་དད་དེ་མཆི་མ་བྱུང་ངོ་། །དེར་གཙང་གིས་མཁན་པོ་བྱས། གཡོས་སློབ་དཔོན་བྱས་ཏེ་དགེ་ཚུལ་དུ་བསྒྲུབས་སོ། །མཁན་སློབ་ལས་མིང་སྦྱར་ཏེ་དགེ་བ་རབ་གསལ་དུ་བཏགས། ཕྱིས་ཐུགས་རབ་ཆེ་བས་དགོངས་པ་རབ་གསལ་དུ་བཏགས། དེ་ནས་བསྙེན་རྫོགས་ཞུས་པས་དགེ་སློང་ལྔ་མ་ཚང་བས་མི་འོང་གསུང་བ་དང་། སྔར་ལྷ་ལུང་དཔལ་གྱི་རྡོ་རྗེ་བ་དགེ་སློང་གསུམ་ཀློང་ཐང་དུ་འདུག་པ་མཐོང་བས་བཙལ་ཏེ་དཔལ་གྱི་རྡོ་རྗེ་དང་མཇལ་ནས་ཞུས་པས། ངས་རྒྱལ་པོ་བསད་པས་ཁ་སྐོང་མི་འོང་གི་ངས་བཙལ་གྱི་གསུངས་ཏེ། རྒྱ་ནག་ཧྭ་ཤང་ཀེ་བང་དང་། གྱི་བན་བྱ་བ་གཉིས་བཙལ་ཏེ་བཏང་ངོ་། །དེ་ནས་དགེ་ཚུལ་ལོ་གཅིག་ལོན་ཏེ་སྔར་གྱི་མཁན་སློབ་ཀྱིས་མཁན་སློབ་བྱས་། རྨར་གྱིས་གསང་སྟོན་བྱས། རྒྱའི་དགེ་སློང་གཉིས་ཀྱིས་ཁ་སྐོང་བྱས་ཏེ་ལྔའི་ཚོགས་ཀྱིས་བསྙེན་པར་རྫོགས་སོ། །བོད་དབུས་ནས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་སོགས་མི་བཅུ་འོངས་ནས་བླ་ཆེན་ལས་སྡོམ་པ་བླངས། དེ་རྣམས་བོད་དུ་ཐོན་ནས་གནས་གཞི་བཟུང་ཞིང་སྡོམ་པ་སྤེལ་བས། བསྟན་པའི་མེ་རོ་སྨད་ནས་གསོས་ཏེ། སངས་རྒྱས་ཀྱི་བསྟན་པ་སླར་ཡང་དར་བའི་འགོ་ཚུགས་པ་ལ་བསྟན་པ་ཕྱི་དར་ཞེས་བྱའོ། །སྟོད་ནས་གསོས་ཚུལ་ནི། ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་སུ་ལོ་ཙཱ་བ་རིན་ཆེན་བཟང་པོ་རྒྱ་གར་དུ་ཆོས་སློབ་པར་བཏང་བས་མཁས་པ་ཆེན་པོར་གྱུར་ཏེ་མདོ་སྔགས་ཀྱི་ཆོས་མང་པོ་བསྒྱུར། འཆད་ཉན་གྱིས་གཏན་ལ་ཕབ། ཆོས་ལོག་དང་སྔགས་ལོག་རྣམས་ཚར་བཅད་དེ་བསྟན་པ་རྣམ་པར་དག་པས་གངས་ཅན་པ་རྣམས་ལ་སྐུ་དྲིན་གྱིས་ཁྱབ་པར་མཛད་པ་ཡང་བསྟན་པ་ཕྱི་དར་རོ། །