6070

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བླ་མ་མཆོད་པ་དང་ལམ་རིམ་ཚོགས་ཞིང
Tibetan Definition རང་གི་མདུན་གྱི་ཐད་དྲང་དུ་རང་སེམས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གཟུང་རྣམ་ལྷ་ལམ་སྟེ་ནམ་མཁའི་གཟུགས་སུ་བཀོད་ནས་དེའི་ངོས་སུ་ཚོགས་ཞིང་རྣམས་བསྐྱེད་པ་སྟེ། དེ་ཡང་རིན་པོ་ཆེའི་ས་གཞིའི་དབུས་སུ་འོ་མའི་རྒྱ་མཚོ་ (འོ་མའི་རྒྱ་མཚོ་ཞེས་པ་འོ་མ་དངོས་གནས་ཀྱི་རྒྱ་མཚོ་ཞིག་ཡོད་པའི་དོན་མིན་གྱི། དེ་ནི་རྒྱ་མཚོ་ཆེན་པོ་ལ་འཇིག་རྟེན་ན་དེ་ལྟར་གྲགས་པར་བཤད་དོ་ཞེས་དབྱངས་ཅན་དགའ་བློ་གསུང་བ་ལྟར་རོ) ཆེན་པོའི་ནང་ནས་དཔག་བསམ་གྱི་ཤིང༌། རྩ་བ་གསེར། སྡོང་པོ་དངུལ། ཡལ་ག་བཻཌཱུརྱ། ལོ་མ་ཤེལ། འདབ་མ་སྤུག མེ་ཏོག་མུ་ཏིག་དམར་པོ། འབྲས་བུ་རྡོའི་སྙིང་པོ་སྟེ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ། (རྩ་བ་གསེར། སྡོང་པོ་དངུལ། ཡལ་ག་བཻཌཱུརྱ་ཞེས་སོགས་ཀྱང་ཁ་དོག་གི་ཆ་ནས་བཏགས་པའི་སྙན་ངག་གི་རབ་བཏགས་ཡིན་གྱི། གསེར་དང་དངུལ་དང་བཻཌཱུརྱ་སོགས་དངོས་ནི་མིན་ནོ) རྩ་བ་སོགས་ཚང་མ་བདུན་ཚན་བདུན་ཚན་དུ་ཡོད་པ། ཡིད་བཞིན་གྱི་ནོར་བུ་ལྟར་དགོས་འདོད་ཐམས་ཅད་དཔག་པ་དང་བསམ་པ་ཙམ་གྱིས་འབྱུང་བ། ཡལ་ག་སོགས་བསྐྱོད་པའི་སྒྲ་ལས་མི་རྟག་བདག་མེད་སོགས་ཆོས་ཀྱི་སྡོམ་བཞིའི་སྒྲ་འབྱིན་པ། དབུས་སུ་ཤིང་དེའི་མེ་ཏོག་ཤིན་ཏུ་ཆེ་བ་ཞིག་གི་སྟེང་དུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི། དེའི་སྟེང་དུ་པདྨའི་གདན་རིམ་པ་བཅུ་གཅིག་སྟེ་རྒྱ་ཇེ་ཆུང་དང༌། དཔངས་ཇེ་མཐོར་སོང་བ་བང་རིམ་ལྟར་ཡོད་པ། པད་འདབ་དང་པོ་འདབ་མ་བཞི་པ། དེའི་དབུས་པདྨའི་ཟེའུ་འབྲུའི་སྟེང་ཉི་མའི་གདན། དེའི་སྟེང་དུ་ཟླ་བའི་གདན་གྱི་སྟེང་། ཚོགས་ཞིང་གི་དཀྱིལ་ཏག་ཏག་དེར། ཚོགས་ཞིང་གི་གཙོ་བོར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ། དེའི་ཐུགས་ཀར་སྟོན་པ་ཐུབ་པའི་དབང་པོ། དེའི་ཐུགས་ཀར་རྒྱལ་བ་རྡོ་རྗེ་འཆང༌། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུྂ་ཡིག་སྔོན་པོ་བཅས་གསལ་གདབ། (འཁོར་གསལ་འདེབས་ཚུལ་ལ) ཐོག་མར་རྒྱ་ཆེན་སྤྱོད་བརྒྱུད་གསལ་འདེབས་ཚུལ་ནི། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་གཡས་ཕྱོགས་སུ་སྤྲོས་པའི་རྩེ་མོ་རྒྱ་ཇེ་ཆེར་སོང་བའི་སྟེང་དུ་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མ་རྣམས་གསལ་གདབ། ༡ དབུས་སུ་རྗེ་བཙུན་བྱམས་པ་མགོན་པོ། ༢ འཕགས་པ་ཐོགས་མེད། ༣ དབྱིག་གཉེན། ༤ འཕགས་པ་རྣམ་གྲོལ་སྡེ། ༥ བཙུན་པ་རྣམ་གྲོལ་སྡེ། ༦ མཆོག་གི་སྡེ། ༧ དུལ་བའི་སྡེ། ༨ རྣམ་སྣང་མཛད། ༩ སློབ་དཔོན་སེངྒེ་བཟང་པོ། ༡༠ ཀུ་ས་ལི་ཆེ་བ། ༡༡ དགེ་བ་ཅན། (འདི་ལ་ཀུ་ས་ལི་ཆུང་བ་ཟེར) ༡༢ གསེར་གླིང་པ། ༡༣ དཔལ་མར་མེ་མཛད། ༡༤ འབྲོམ་སྟོན་རྒྱལ་བའི་འབྱུང་གནས་བཅས་སོ། །དེའི་འོག་ཏུ་ཚོམ་བུ་གསུམ་ཡོད་པ་ལས། དབུས་སུ་བཀའ་གདམས་གདམས་ངག་པ། ༡ དགོན་པ་བ་དབང་ཕྱུག་རྒྱལ་མཚན། ༢ སྣེའུ་ཟུར་པ། ༣ ཐག་མ་པ་ཀ་བ་དར་སེང་། ༤ ལྷོ་བྲག་ནམ་མཁའ་སེང་གེ། ༥ མཁན་ཆེན་ནམ་མཁའ་རྒྱལ་པོ། ༦ མཁན་ཆེན་སེང་གེ་བཟང་པོ། ༧ རྒྱལ་སྲས་ཐོགས་མེད་བཟང་པོ། ༨ ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་བཅས་སོ། ། (རྒྱ་ཆེན་སྤྱོད་བརྒྱུད་ཀྱི་སྐབས་སུ་ཐག་མ་པ་གཡས་དང་། སྣེའུ་ཟུར་པ་གཡོན་དུ་བཞུགས་དགོས། དེས་གཞན་རྣམས་ལའང་རིགས་འགྲེའོ) དེའི་གཡས་སུ་བཀའ་གདམས་མན་ངག་པ། ༡ སྤྱན་སྔ་ཚུལ་ཁྲིམས་འབར། ༢ བྱ་ཡུལ་པ་ཆེན་པོ་གཞོན་ནུ་འོད། ༣ དགྱེར་སྒོམ་ཆེན་པོ་གཞོན་ནུ་གྲགས་པ། ༤ སངས་རྒྱས་དབོན་སྟོན། ༥ མཁན་ཆེན་ནམ་མཁའ་རྒྱལ་པོ། ༦ མཁན་ཆེན་སེང་གེ་བཟང་པོ། ༧ རྒྱལ་སྲས་ཐོགས་མེད་བཟང་པོ། ༨ ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་བཅས་སོ། ། (རྒྱ་ཆེན་སྤྱོད་བརྒྱུད་ཀྱི་སྐབས་སུ་དགྱེར་སྒོམ་ཆེན་པོ་གཡས་དང་། བྱ་ཡུལ་བ་གཡོན་དུ་བཞུགས་དགོས། དེས་གཞན་རྣམས་ལའང་རིགས་འགྲེའོ) གཡོན་དུ་བཀའ་གདམས་གཞུང་པ་བ། ༡ པོ་ཏོ་བ་རིན་ཆེན་གསལ། ༢ ཤ་ར་བ་ཡོན་ཏན་གྲགས། ༣ ཆད་ཁ་བ་ཡེ་ཤེས་རྡོ་རྗེ། ༤ སྤྱིལ་བུ་པ་ཆོས་ཀྱི་རྒྱལ་མཚན། ༥ ལྷ་ལུང་གི་དབང་ཕྱུག ༦ ལྷ་འགྲོ་བའི་མགོན་པོ། ༧ ཟངས་ཆེན་པ་དར་མ་བསོད་ནམས། ༨ མཚོ་སྣ་བ་ཤེས་རབ་བཟང་པོ། ༩ མོན་གྲྭ་པ་ཚུལ་ཁྲིམས་བཀྲ་ཤིས། ༡༠ གྲྭ་སྐོར་མཁན་ཆེན་ཆོས་སྐྱབས་བཟང་པོ་བཅས་སོ། ། (རྒྱ་ཆེན་སྤྱོད་བརྒྱུད་ཀྱི་སྐབས་སུ་མཆད་ཁ་བ་གཡས་དང་། ཤར་ར་བ་གཡོན་དུ་བཞུགས་དགོས། དེས་གཞན་རྣམས་ལའང་རིགས་འགྲེའོ) དེའི་འོག་ཏུ་ཚོམ་བུ་གཅིག་ཡོད་པའི་དབུས་སུ། ༡ རྗེ་ཙོང་ཁ་པ་ཆེན་པོ། དེའི་གཡོན་དུ་༢ རྗེ་འཇམ་དཔལ་རྒྱ་མཚོ། གཡས་སུ་༣ མཁས་གྲུབ་དགེ་ལེགས་དཔལ་བཟང་། ༤ བ་སོ་ཆོས་ཀྱི་རྒྱལ་མཚན། ༥ གྲུབ་ཆེན་ཆོས་ཀྱི་རྡོ་རྗེ། ༦ དབེན་ས་པ་བློ་བཟང་དོན་གྲུབ། ༧ མཁས་གྲུབ་སངས་རྒྱས་ཡེ་ཤེས། ༨ པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། ༩ དཀོན་མཆོག་རྒྱལ་མཚན། ༡༠ པཎ་ཆེན་བློ་བཟང་ཡེ་ཤེས། ༡༡ རྗེ་ངག་དབང་བྱམས་པ། ༡༢ བློ་བཟང་སྙན་གྲགས། ༡༣ རྒྱ་མཚོ་མཐའ་ཡས། ༡༤ ཁྲི་ཆེན་བསྟན་པ་རབ་རྒྱས། ༡༥ གྲུབ་དབང་བློ་བཟང་རྣམ་གྲོལ། ༡༦ བམ་ཆོས་མཁན་ཆེན་བློ་བཟང་སྦྱིན་པ། ༡༧ རྒྱལ་སྲས་བསྐལ་བཟང་བསྟན་འཛིན། ༡༨ རྗེ་བསྐལ་བཟང་བསྟན་འཛིན་མཁས་གྲུབ། ༡༩ བློ་བཟང་འཇམ་དཔལ་ལྷུན་གྲུབ་བཅས་སོ། ། (ཟབ་མོ་ལྟ་བརྒྱུད) གཡོན་དུ་དེ་བཞིན་དུ་ཟབ་མོ་ལྟ་བརྒྱུད་ཀྱི་བླ་མ་རྣམས་གསལ་གདབ་པ་ནི། དབུས་སུ་རྗེ་བཙུན་འཇམ་དབྱངས། ༡ འཕགས་པ་ཀླུ་སྒྲུབ། ༢ སངས་རྒྱས་བསྐྱངས། ༣ ཟླ་བ་གྲགས་པ། ༤ ཞི་བ་ལྷ། ༥ རིག་པའི་ཁུ་བྱུག་ཆེ། ༦ རིག་པའི་ཁུ་བྱུག་གཉིས་པ། ༧ དཔལ་མར་མེ་མཛད། ༨ འབྲོམ་སྟོན་རྒྱལ་བའི་འབྱུང་གནས་བཅས་སོ། །དེའི་འོག་ཏུ་རྒྱ་ཆེན་སྤྱོད་བརྒྱུད་དང་འདྲ་བར་ཚོམ་བུ་གསུམ་གསལ་གདབ་པ་ལ། དབུས་སུ་བཀའ་གདམས་གདམས་ངག་པ། ༡ དགོན་པ་བ་དབང་ཕྱུག་རྒྱལ་མཚན། ༢ སྣེའུ་ཟུར་པ། ༣ ཐག་མ་པ་ཀ་བ་དར་སེང་། ༤ ལྷོ་བྲག་ནམ་མཁའ་སེང་གེ། ༥ མཁན་ཆེན་ནམ་མཁའ་རྒྱལ་པོ། ༦ མཁན་ཆེན་སེང་གེ་བཟང་པོ། ༧ རྒྱལ་སྲས་ཐོགས་མེད་བཟང་པོ། ༨ ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་བཅས་སོ། ། (ཟབ་མོ་ལྟ་བརྒྱུད་ཀྱི་སྐབས་སུ་སྣེའུ་ཟུར་པ་གཡས་དང་། ཐག་མ་པ་གཡོན་དུ་བཞུགས་དགོས། དེས་གཞན་རྣམས་ལའང་རིགས་འགྲེའོ) དེའི་གཡས་སུ་བཀའ་གདམས་གཞུང་པ་བ། ༡ པོ་ཏོ་བ་རིན་ཆེན་གསལ། ༢ ཤ་ར་བ་ཡོན་ཏན་གྲགས། ༣ ཆད་ཁ་བ་ཡེ་ཤེས་རྡོ་རྗེ། ༤ སྤྱིལ་བུ་པ་ཆོས་ཀྱི་རྒྱལ་མཚན། ༥ ལྷ་ལུང་གི་དབང་ཕྱུག ༦ ལྷ་འགྲོ་བའི་མགོན་པོ། ༧ ཟངས་ཆེན་པ་དར་མ་བསོད་ནམས། ༨ མཚོ་སྣ་བ་ཤེས་རབ་བཟང་པོ། ༩ མོན་གྲྭ་པ་ཚུལ་ཁྲིམས་བཀྲ་ཤིས། ༡༠ གྲྭ་སྐོར་མཁན་ཆེན་ཆོས་སྐྱབས་བཟང་པོ་བཅས་སོ། ། (ཟབ་མོ་ལྟ་བརྒྱུད་ཀྱི་སྐབས་སུ་ཤར་ར་བ་གཡས་དང་། མཆད་ཁ་བ་གཡོན་དུ་བཞུགས་དགོས། དེས་གཞན་རྣམས་ལའང་རིགས་འགྲེའོ) དེའི་གཡོན་དུ་བཀའ་གདམས་མན་ངག་པ། ༡ སྤྱན་སྔ་ཚུལ་ཁྲིམས་འབར། ༢ བྱ་ཡུལ་པ་ཆེན་པོ་གཞོན་ནུ་འོད། ༣ དགྱེར་སྒོམ་ཆེན་པོ་གཞོན་ནུ་གྲགས་པ། ༤ སངས་རྒྱས་དབོན་སྟོན། ༥ མཁན་ཆེན་ནམ་མཁའ་རྒྱལ་པོ། ༦ མཁན་ཆེན་སེང་གེ་བཟང་པོ། ༧ རྒྱལ་སྲས་ཐོགས་མེད་བཟང་པོ། ༨ ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་བཅས་སོ། ། (ཟབ་མོ་ལྟ་བརྒྱུད་ཀྱི་སྐབས་སུ་བྱ་ཡུལ་བ་གཡས་དང་། དགྱེར་སྒོམ་ཆེན་པོ་གཡོན་དུ་བཞུགས་དགོས། དེས་གཞན་རྣམས་ལའང་རིགས་འགྲེའོ) (ཟབ་མོ་ལྟ་བརྒྱུད་ཀྱི་སྐབས་སུ། བཀའ་གདམས་གདམས་ངག་པ་དབུས། དེའི་གཡས་སུ་བཀའ་གདམས་གཞུང་པ་བ། གཡོན་དུ་བཀའ་གདམས་མན་ངག་པ་བཞུགས་སུ་གསོལ་བ་འདི། རྗེ་ཙོང་ཁ་པ་ཆེན་པོའི་ལམ་རིམ་གསོལ་འདེབས་ལམ་མཆོག་སྒོ་འབྱེད་ལ་གཞི་བྱས་པར་སྣང་ངོ་། །འདི་དག་ལ་དཔྱད་དགོས་པ་མང་ཙམ་སྣང་རེ་ཞིག་བཞག་གོ) དེའི་འོག་ཏུ་ཚོམ་བུ་གཅིག་ཡོད་པའི་དབུས་སུ། ༡ རྗེ་ཙོང་ཁ་པ་ཆེན་པོ། དེའི་གཡས་སུ་༢ རྗེ་འཇམ་དཔལ་རྒྱ་མཚོ། གཡོན་དུ་༣ མཁས་གྲུབ་དགེ་ལེགས་དཔལ་བཟང་། (དེས་གཞན་རྣམས་ལ་རིགས་འགྲེའོ) ༤ བ་སོ་ཆོས་ཀྱི་རྒྱལ་མཚན། ༥ གྲུབ་ཆེན་ཆོས་ཀྱི་རྡོ་རྗེ། ༦ དབེན་ས་པ་བློ་བཟང་དོན་གྲུབ། ༧ མཁས་གྲུབ་སངས་རྒྱས་ཡེ་ཤེས། ༨ པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། ༩ དཀོན་མཆོག་རྒྱལ་མཚན། ༡༠ པཎ་ཆེན་བློ་བཟང་ཡེ་ཤེས། ༡༡ རྗེ་ངག་དབང་བྱམས་པ། ༡༢ བློ་བཟང་སྙན་གྲགས། ༡༣ རྒྱ་མཚོ་མཐའ་ཡས། ༡༤ ཁྲི་ཆེན་བསྟན་པ་རབ་རྒྱས། ༡༥ གྲུབ་དབང་བློ་བཟང་རྣམ་གྲོལ། ༡༦ བམ་ཆོས་མཁན་ཆེན་བློ་བཟང་སྦྱིན་པ། ༡༧ རྒྱལ་སྲས་བསྐལ་བཟང་བསྟན་འཛིན། ༡༨ རྗེ་བསྐལ་བཟང་བསྟན་འཛིན་མཁས་གྲུབ། ༡༩ བློ་བཟང་འཇམ་དཔལ་ལྷུན་གྲུབ་བཅས་སོ། ། (ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ) རྗེ་བླ་མའི་སྐུ་རྒྱབ་ཏུ་ཅུང་ཟད་མཐོ་བར་ཉམས་ལེན་བྱིན་རླབས་བརྒྱུད་པ་མཐོ་བརྩེགས་ཀྱི་རྣམ་པར་བཞུགས་པའི་གྲལ་རིམ་ལྔ་ཡོད་པའི་དབུས་སུ་རྡོ་རྗེ་འཆང་མ་གཏོགས་པ་རྗེ་བཙུན་འཇམ་དབྱངས་ནས་རང་གི་བླ་མ་ལ་ཐུག་གི་བར་འཇམ་དབྱངས་ཀྱི་རྣམ་པ་མཐོ་བརྩེགས་དང༌། དེའི་གཡས་སུ་ཕ་རྒྱུད་གསང་འདུས་དང༌། འཇིགས་བྱེད་ཀྱི་བླ་བརྒྱུད་གཉིས་སོ་སོ་ནས་མཐོ་བརྩེགས། གཡོན་དུ་མ་རྒྱུད་བདེ་མཆོག་གི་བླ་བརྒྱུད་དང༌། ཐིག་ལེ་བཅུ་དྲུག་གི་བླ་བརྒྱུད་སོ་སོ་ནས་མཐོ་བརྩེགས་རེ་བཅས་མཐོ་བརྩེགས་ལྔར་གསལ་འདེབས་པ་ཡིན། ཞིབ་ཏུ་བཤད་ན། གྲལ་རིམ་ལྔ་ཡོད་པའི་དབུས་སུ་དགེ་ལྡན་སྙན་བརྒྱུད་ཀྱི་བླ་མ་གསལ་གདབ་པ་ལ། ༡ རྒྱལ་བ་རྡོ་རྗེ་འཆང་། ༢ རྗེ་བཙུན་འཇམ་པའི་དབྱངས། ༣ རྗེ་ཙོང་ཁ་པ་ཆེན་པོ། ༤ རྗེ་འཇམ་དཔལ་རྒྱ་མཚོ། ༥ བ་སོ་ཆོས་ཀྱི་རྒྱལ་མཚན། ༦ གྲུབ་ཆེན་ཆོས་ཀྱི་རྡོ་རྗེ། ༧ དབེན་ས་པ་བློ་བཟང་དོན་གྲུབ། ༨ མཁས་གྲུབ་སངས་རྒྱས་ཡེ་ཤེས། ༩ པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། ༡༠ དྲུང་པ་བརྩོན་འགྲུས་རྒྱལ་མཚན། ༡༡ དྲུང་པ་རྟ་ཕུག་པ་དམ་ཆོས་རྒྱལ་མཚན། ༡༢ སྒྲུབ་ཁང་དགེ་ལེགས་རྒྱ་མཚོ། ༡༣ མཁར་མདོ་བཟོད་པ་རྒྱ་མཚོ། ༡༤ ཕུར་བུ་ལྕོག་ངག་དབང་བྱམས་པ། ༡༥ ཀུན་མཁྱེན་འཇིགས་མེད་དབང་པོ། ༡༦ གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ། ༡༧ རྗེ་རཏྣ་དཱ་ཛ། ༡༨ གྲུབ་ཆེན་དངོས་གྲུབ་རབ་བརྟན། ༡༩ ཡོངས་འཛིན་དགེ་འདུན་རྒྱ་མཚོ། ༢༠ ངག་དབང་མཁྱེན་རབ་དཔལ་ལྡན་བསྟན་པའི་ཉི་མ་བཅས་སོ། ། (འདིར་རྡོ་རྗེ་འཆང་མ་གཏོགས་བླ་མ་གཞན་ཐམས་ཅད་འཇམ་དབྱངས་རྣམ་པར་བྱས་པ་ནི། དེ་དག་འཇམ་དབྱངས་ཀྱི་རྣམ་འཕྲུལ་དུ་གོ་བའི་ཕྱིར་ཡིན) དེའི་གཡས་སུ་འཇིགས་བྱེད་ཀྱི་བླ་བརྒྱུད་ནི། ༡ རྡོ་རྗེ་འཇིགས་བྱེད། ༢ ཛྙཱན་ཌཱ་ཀི་ནཱི། ༣ ལ་ལི་ཏ་བཛྲ། ༤ ཨ་མོ་གྷ་བཛྲ། ༥ ཛྙཱ་ན་ཀ་ར་གུཔྟ། ༦ པདྨ་བཛྲ། ༧ དཱི་པཾ་ཀ་ར་ཤྲཱི་ཛྙཱན། ༨ རྭ་ལོ་ཙཱ་རྡོ་རྗེ་གྲགས། ༩ རྭ་ཆོས་རབ། ༡༠ རྭ་ཡེ་ཤེས་སེང་གེ། ༡༡ རྭ་འབུམ་སེང་གེ། ༡༢ རྒ་ལོ་ཙཱ་བ་རྣམ་རྒྱལ་རྡོ་རྗེ། ༡༣ རོང་པ་ཤེས་རབ་སེང་གེ། ༡༤ བླ་མ་ཡེ་ཤེས་དཔལ་བ། ༡༥ ཆོས་རྗེ་དོན་གྲུབ་རིན་ཆེན། ༡༦ རྗེ་ཙོང་ཁ་པ་ཆེན་པོ། ༡༧ མཁས་གྲུབ་དགེ་ལེགས་དཔལ་བཟང་། ༡༨ བ་སོ་ཆོས་ཀྱི་རྒྱལ་མཚན། ༡༩ གྲུབ་ཆེན་ཆོས་ཀྱི་རྡོ་རྗེ། ༢༠ དབེན་ས་པ་བློ་བཟང་དོན་གྲུབ། ༢༡ མཁས་གྲུབ་སངས་རྒྱས་ཡེ་ཤེས། ༢༢ པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་བཅས་སོ། །དེའི་ཡང་གཡས་སུ་གསང་འདུས་བླ་བརྒྱུད་ནི། ༡ གསང་བ་འདུས་པ། ༢ རཏྣ་མ་ཏི། ༣ ཕྱག་ན་རྡོ་རྗེ། ༤ ཨིནྡྲབྷཱུཏི། ༥ ནཱག་ཡོ་གི་ནཱི། ༦ བིསུ་ཀལ་པ། ༧ ས་ར་ཧ། ༨ ནཱ་གརྫུ་ན། ༩ མ་ཏང་གི་པ། ༡༠ ཏེ་ལོ་པ། ༡༡ ནཱ་རོ་པ། ༡༢ མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས། ༡༣ དོལ་གྱི་མཚུར་སྟོན་དབང་གི་རྡོ་རྗེ། ༡༤ འཁོན་སྟོན་གད་པ་ཀིརྟི། ༡༥ བྱ་སྒང་བ་བསོད་ནམས་རིན་ཆེན། ༡༦ མི་ཉག་ཐུར་ལྷ་ཚུལ་ཁྲིམས་སྐྱབས། ༡༧ རྒྱ་མཁར་ཐང་དཔེ་བ་འཕགས་པ་སྐྱབས། ༡༨ གསེར་གླིང་གཞོན་ནུ་འོད། ༡༩ མག་དགེ་སྡིངས་པ་ཆོས་སྐུ་འོད་ཟེར། ༢༠ ཇོ་ལོ་ཙཱ་བ་འཕགས་པ་འོད། ༢༡ བུ་སྟོན་རིན་ཆེན་གྲུབ། ༢༢ ཁྱུང་པོ་ལྷད་པ་གཞོན་ནུ་བསོད་ནམས། ༢༣ རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་བཅས་སོ། །དགེ་ལྡན་སྙན་བརྒྱུད་ཀྱི་གཡོན་དུ་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བླ་བརྒྱུད་གསལ་གདབ་པ་ནི། ༡ དཱི་པཾ་ཀ་ར་ཤྲཱི་ཛྙཱན། ༢ འབྲོམ་སྟོན་རྒྱལ་བའི་འབྱུང་གནས། ༣ རྔོག་ལེགས་པའི་ཤེས་རབ། ༤ མངའ་རིས་པ་ཤེས་རབ་རྒྱལ་མཚན། ༥ ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན། ༦ ཀ་མ་བ་ཤེས་རབ་འོད། ༧ ཞང་སྟོན་དར་མ་རྒྱལ་མཚན། ༨ སྟབས་ཀ་བ་བྱང་ཆུབ་བཟང་པོ། ༩ སྟབས་ཀ་བ་ནམ་མཁའ་རིན་ཆེན། ༡༠ འབྲོམ་གཞོན་ནུ་བློ་གྲོས། ༡༡ སྣར་ཐང་མཁན་ཆེན་ཉི་མ་རྒྱལ་མཚན། ༡༢ གླིང་ཁ་པ་བྱང་ཆུབ་རིན་ཆེན། ༡༣ རྒ་ལུང་པ་རིགས་ཀྱི་བདག་པོ། ༡༤ རྒ་ལུང་པ་བྱང་ཆུབ་འཕེལ། ༡༥ ཉུག་པའི་སློབ་དཔོན་བསོད་ནམས་འོད་ཟེར། ༡༦ གོས་སྔོན་ཆུ་སེར་བ་སངས་རྒྱས་བཟང་པོ། ༡༧ བྱ་བྲལ་བ་བསོད་ནམས་བཟང་པོ། ༡༨ བླ་མ་དཔལ་ལྡན་པ། ༡༩ སྟག་ཚང་མཁན་ཆེན་ནམ་མཁའ་འོད་ཟེར། ༢༠ རྒྱལ་མཆོག་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་བཅས་སོ། །དེའི་ཡང་གཡོན་དུ་འཁོར་ལོ་བདེ་མཆོག་གི་བླ་བརྒྱུད་ནི། ༡ འཁོར་ལོ་བདེ་མཆོག ༢ ལཱུ་ཡི་པ། ༣ དྭ་རི་ཀ་པ། ༤ གྷཎྜ་པཱ་ད། ༥ ཀཱུརྨ་པཱ་ད། ༦ ཛཱ་ལནྡྷ་ར། ༧ ཀྲྀཎ་པཱ་ད། ༨ གུཧྱ་པཱ་ད། ༩ བིཛྱ་པཱ་ད། ༡༠ ཏེ་ལོ་པ། ༡༡ ནཱ་རོ་པ། ༡༢ ཕམ་སྡིང་པ། ༡༣ ཀློག་སྐྱ་ཤེས་རབ་བརྩེགས། ༡༤ མལ་ལོ་ཙཱ་བ་བློ་གྲོས་གྲགས། ༡༥ ས་ཆེན་ཀུན་དགའ་སྙིང་པོ། ༡༦ སློབ་དཔོན་བསོད་ནམས་རྩེ་མོ། ༡༧ རྗེ་བཙུན་གྲགས་པ་རྒྱལ་མཚན། ༡༨ ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། ༡༩ འགྲོ་མགོན་ཆོས་རྒྱལ་འཕགས་པ། ༢༠ ཞང་སྟོན་དཀོན་མཆོག་དཔལ། ༢༡ ན་བཟའ་བྲག་ཕུག་པ། ༢༢ བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ༢༣ རྗེ་ཙོང་པ་བློ་བཟང་གྲགས་པའི་དཔལ་བཅས་སོ། ། (རྗེ་ཙོང་ཁ་པ་ཆེན་པོའི་སྐུ་མདུན་དུ) བླ་མ་གསལ་འདེབས་ཚུལ་ནི། (དབུས་སུ་རང་གི་རྩ་བའི་བླ་མ། དེའི་གཡས་གཡོན་དུ་ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་གཉིས) (དཔེར་ན་དབུས་སུ་༸རྒྱལ་མཆོག་བསྟན་འཛིན་རྒྱ་མཚོ། དེའི་གཡས་སུ་སྐྱབས་རྗེ་གླིང་སྤྲུལ་རྡོ་རྗེ་འཆང་། གཡོན་དུ་སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ལྟ་བུ་གསལ་གདབ) དེའི་ཕྱི་རོལ་ཏུ་རྣལ་འབྱོར་བླ་མེད་ཀྱི་ཡི་དམ་རྣམས་གསལ་གདབ། གཡས་ནས་བརྩམས་ཏེ། ༡ རྡོ་རྗེ་འཇིགས་བྱེད། ༢ གསང་བ་འདུས་པ། ༣ འཁོར་ལོ་བདེ་མཆོག ༤ ཀྱེ་རྡོ་རྗེ། ༥ རྣལ་འབྱོར་མ། ༦ གཤིན་རྗེ་གཤེད་དམར་པོ། ༧ གཤིན་རྗེ་གཤེད་དགྲ་ནག ༨ རྟ་མགྲིན་ཡང་གསང་ཁྲོས་པ། ༩ རྡོ་རྗེ་གདན་གཞི། ༡༠ དུས་ཀྱི་འཁོར་ལོ། ༡༡ གསང་འདུས་འཇམ་དཔལ་རྡོ་རྗེ། ༡༢ མཧཱ་མ་ཡ། སྒྱུ་མ་ཆེན་མོ། ༡༣ ཕྱག་རྡོར་འཁོར་ཆེན། ༡༤ སེང་གེ་གདོང་ཅན་མ་བཅས་སོ། །དེའི་ཕྱི་རོལ་ཏུ། རྣལ་འབྱོར་བརྒྱུད་ཀྱི་ཡི་དམ། ༡ ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་མ། ༢ དོན་ཡོད་གྲུབ་པ། ༣ སྐུ་གདུང་དམ་པ་རིགས་བརྒྱ། ༤ འཇམ་དཔལ་གསང་ལྡན། ༥ དཔལ་མཆོག་རྡོ་རྗེ་སེམས་དཔའ། ༦ འཇམ་དཔལ་གྲགས་ལྡན། ༧ རྡོ་རྗེ་དབྱིངས། ༨ ཀུན་རིག ༩ འཇམ་དཔལ། ༡༠ གཙུག་དགུ་ཤཱཀྱ་སེང་གེ། ༡༡ འགྲོ་བ་དུལ་བ། ༡༢ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། ༡༣ ཕྱག་ན་རྡོ་རྗེ་བཅས་སོ། །དེའི་ཕྱི་རོལ་ཏུ། སྤྱོད་བརྒྱུད་ཀྱི་ཡི་དམ། ༡ རྟ་མགྲིན། ༢ གོས་དཀར་མོ། ༣ སྒྲོལ་མ། ༤ སྤྱན་རས་གཟིགས། ༥ ཁྲོ་གཉེར་ཅན། ༦ མཐུ་ཆེན་ཐོབ། ༧ གྲགས་ལྡན་མ། ༨ ནམ་མཁའི་སྤྱན་མ། ༩ རྣམ་སྣང་མངོན་བྱང་། ༡༠ (འདིར་ནམ་མཁའི་སྤྱན་མ་ཞེས་འཁོད་འདུག་པ་ཟློས་སྐྱོན་ཡིན་པར་སེམས) ༡༢ རྡོ་རྗེ་རྩེ་མོ། ༡༣ ཕྱག་ན་རྡོ་རྗེ་ཞི་བ། ༡༤ རྡོ་རྗེ་ལུ་གུ་རྒྱུད། (འདིའི་བར་གྱི་ལྷ་འགའི་མཚན་མི་གསལ) ༡༥ མི་གཡོ་བ། ༡༦ མི་གཡོ་བ་སྔོན་པོ། ༡༧ འཇིག་རྟེན་དབང་ཕྱུག་བཅས་སོ། །དེའི་ཕྱི་རོལ་ཏུ། བྱ་རྒྱུད་ཀྱི་ཡི་དམ། ༡ རྡོ་རྗེ་རྣམ་འཇོམས། ༢ གཙུག་ཏོར་རྣམ་པར་རྒྱལ་མ། སྒྲོལ་མ་དཀར་མོ། ༤ གཙུག་ཏོར་གདུགས་དཀར་མོ། ༥ རི་ཁྲོད་ལོ་མ་གྱོན་མ། ༦ རྡོ་རྗེ་སེམས་དཔའ། ༧ སྤྱན་རས་གཟིགས། ༨ ཚེ་དཔག་མེད། ༩ དམ་ཚིག་གསུམ་བཀོད། ༡༠ སྤྱན་རས་གཟིགས་བཅུ་གཅིག་ཞལ། ༡༡ སྤྱན་རས་གཟིགས་སེང་གེ་སྒྲ། ༡༢ འཇམ་དབྱངས་དཀར་པོ། ༡༣ དབྱངས་ཅན་མ། ༡༤ འཇམ་དབྱངས། ༡༥ འོད་ཟེར་ཅན་མ། ༡༦ ནོར་རྒྱུན་མ། ༡༧ མི་གཡོ་བ་དཀར་པོ་བཅས་སོ། །དེའི་ཕྱི་རོལ་ཏུ་སངས་རྒྱས། ༡ དོན་གྲུབ། ༢ འོད་དཔག་མེད། ༣ རིན་འབྱུང་། ༤ རྣམ་སྣང་། ༥ མི་བསྐྱོད་རྡོ་རྗེ། ༦ བྱམས་པ། ༧ མར་མེ་མཛད། ༨ མི་འཁྲུག་པ། ༩ སྨན་བླ། ༡༠ ཤཱཀྱ་ཐུབ་པ། ༡༡ མངོན་མཁྱེན། ༡༢ ཆོས་གྲགས། ༡༣ མྱ་ངན་མེད། ༡༣ གསེར་བཟང་། ༡༤ རིན་ཆེན་ཟླ་བ། ༡༥ མཚན་ལེགས་དང་། སངས་རྒྱས་སྟོང་དང་། ལྟུང་བཤགས་ཀྱི་ལྷ་སུམ་ཅུ་སོ་ལྔ་སོགས་ཕྱོགས་བཅུའི་སངས་རྒྱས་རྣམས་སོ། །དེའི་ཕྱི་རོལ་ཏུ། བྱང་སེམས། དེའི་ཕྱི་རོལ་ཏུ། རང་རྒྱལ། དེའི་ཕྱི་རོལ་ཏུ། གནས་བརྟན་བཅུ་དྲུག་སོགས་ཉན་ཐོས་འཕགས་པ། དེའི་ཕྱི་རོལ་ཏུ། དཔའ་བོ་མཁའ་འགྲོ། དེའི་ཕྱི་རོལ་ཏུ། འཇིག་རྟེན་ལས་འདས་པའི་སྲུང་མ་རྣམས་གསལ་གདབ། ༡ མགོན་པོ་ཞལ་བཞི་པ། ༢ མགོན་པོ་གུར། ༣ ཆོས་རྒྱལ་ནང་སྒྲུབ། ༤ ཆོས་རྒྱལ་གསང་སྒྲུབ། ༥ ཆོས་རྒྱལ་ཕྱི་སྒྲུབ། ༦ མྱུར་མཛད་ཡེ་ཤེས་མགོན་པོ། ༧ མགོན་དཀར། ༨ དཔལ་ལྡན་ལྷ་མོ། ༩ རྣམ་སྲས། ༡༠ མགོན་པོ་ཕྱག་བཞི་པ། ༡༡ ལྕམ་སྲིང་བཅས་སོ། །ཚོགས་ཞིང་གི་ཕྱི་རོལ་ཏུ། ཚོགས་ཞིང་གི་ཕྱོགས་བཞིར་ཆོས་སྐྱོང་རྒྱལ་པོ་ཆེན་པོ་བཞི། ༡ འཕགས་སྐྱེས་པོ། ༢ ཡུལ་འཁོར་བསྲུང་། ༣ རྣམ་ཐོས་སྲས། ༤ སྤྱན་མི་བཟང་བཅས་སོ། །ཚོགས་ཞིང་གི་སྒྲ་བཤད་ནི། ཚོགས་གསོག་པའི་ཞིང་སྟེ་ཡུལ་ཡིན་པས་ན་ཚོགས་ཞིང་ཟེར་ཏེ། རྗེའི་ལམ་རིམ་ཆེན་མོ་ལས། ཚོགས་གསོག་པའི་ཞིང་གསལ་གདབ། ཅེས་གསུངས་པས་སོ། །འཇིག་རྟེན་པའི་ཆོས་སྲུང་ཚོགས་ཞིང་གི་གྲས་སུ་བཀོད་མི་ཆོག བཀོད་ན་སྐྱབས་འགྲོ་རྣམ་དག་མི་འོང་བར་མ་ཟད། སྐྱབས་འགྲོ་སྔར་ཡོད་གཏོང་བར་རྒྱལ་དབང་བསྐལ་བཟང་རྒྱ་མཚོ་གསུང་། གནས་ཆུང་ཆོས་རྒྱལ་སོགས་དོན་ལ་འཇིག་རྟེན་ལས་འདས་པ་ཡིན་ཀྱང་འཇིག་རྟེན་པའི་ཚུལ་བཟུང་བ་རྣམས་ཀྱང་ཚོགས་ཞིང་གི་ནང་དུ་འཇོག་མི་རུང་བར། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་གསུངས་ཞེས་རྗེ་ཤེས་རབ་རྒྱ་མཚོས་གསུངས་པས་ཤིན་ཏུ་གཟབ་པར་བྱའོ། །གོང་གི་རྒྱལ་པོ་ཆེན་པོ་བཞི་པོ་ཡང་རྗེ་ཤེས་རབ་རྒྱ་མཚོ་སོགས་བླ་མ་མང་པོས་ཚོགས་ཞིང་གི་གྲས་སུ་འཇོག་པར་མཛད་ཀྱང་མི་རིགས་སོ། ། (བླ་མཆོད་ཚོགས་ཞིང་དང་ལམ་རིམ་ཚོགས་ཞིང་ལ་དོགས་གཅོད) གོང་གི་ཚོགས་ཞིང་དེ་བླ་མའི་མཆོད་པའི་ཚོགས་ཞིང་ཡིན་པར་བྱས་མི་རིགས་པ་ཆེར་མེད་ཀྱང་། ལམ་རིམ་གྱི་ཚོགས་ཞིང་ཡིན་ཟེར་ན་གནོད་བྱེད་མང་དུ་མཐོང་སྟེ། རྗེའི་ལམ་རིམ་ཆེན་མོ་ལས། མདུན་གྱི་ནམ་མཁའ་ལ་རྒྱ་ཆེན་སྤྱོད་པ་དང་ཟབ་མོ་ལྟ་བའི་བརྒྱུད་པའི་བླ་མ་རྣམས་དང་གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་བཀའ་སྡོད་དང་བཅས་པ་དཔག་ཏུ་མེད་པ་བཞུགས་པར་བསམས་ཏེ་ཚོགས་གསོག་པའི་ཞིང་གསལ་གདབ། ཅེས་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པའི་མིང་ཙམ་ཡང་མི་འབྱུང་བ་མ་ཟད། རྗེའི་ལམ་རིམ་གསོལ་འདེབས་ལམ་མཆོག་སྒོ་འབྱེད་ལས་ཀྱང་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་མི་འབྱུང་བའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་ལམ་སྒྲོན་དང་རྗེའི་ལམ་རིམ་ཆེ་ཆུང་རྣམས་མདོ་སྔགས་ཟུང་འབྲེལ་གྱི་གཞུང་ཡིན་ཟེར་བ་ཙམ་ལས། དོན་དུ་གསང་སྔགས་ཀྱི་ལམ་བགྲོད་ཚུལ་མིང་ཙམ་ཕྱོགས་ཙམ་ལས་དངོས་སུ་ལམ་བགྲོད་ཚུལ་མ་བཤད་པས་ཀྱང་ཤེས་ནུས་ཤིང་། གཞན་ཡང་ཉམས་ལེན་བྱིན་རླབས་སོགས་ཀྱི་ཐ་སྙད་ནི་སྔགས་ཀྱི་ཤན་ཤོར་བར་ཡིན་ནོ། །རྗེའི་ལམ་རིམ་ཆེན་མོ་ལས། འདི་དག་ནི་འདིར་མིང་ཙམ་གྱི་སྒོ་ནས་སྔགས་ལ་འཇུག་པའི་ཕྱོགས་ཙམ་ཞིག་བསྟན་པ་ཡིན་པས། རྒྱས་པར་ནི་སྔགས་ཀྱི་ལམ་གྱི་རིམ་པ་རྣམས་ལས་ཤེས་དགོས་སོ། །ཞེས་གསུངས་སོ། །རྗེའི་ལམ་རིམ་ཆེ་ཆུང་དུ། མདོ་སྔགས་ཀྱི་གནད་བསྡུས་པ་ཞེས་གསུངས་པ་ལ་ཡང་དགོས་པ་ཡོད་པའི་ཕྱིར་རོ། །རྗེ་ཙོང་ཁ་པ་ཆེན་པོའི་ལམ་རིམ་ཆེ་ཆུང་དང་གསོལ་འདེབས་ལམ་མཆོག་སྒོ་འབྱེད་སོགས་སུ་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་མ་གསུངས་པ་ལ་དགོས་པ་ཆེན་པོ་ཡོད་པའི་ཕྱིར་རོ། ། (ཚོགས་ཞིང་གསལ་འདེབས་ཚུལ་མི་འདྲ་བའི་སྐོར) ཚོགས་ཞིང་གསལ་འདེབས་ཚུལ་ལ་ཡང་ཚོག་ཚོགས་པ་ལྟར་གདོང་གྲལ་སོགས་ཀྱི་རྣམ་པར་འཁོད་པ་དང༌། སྐུ་འདྲ་བསྒྲིགས་པ་ལྟར་ཐམས་ཅད་རང་ལ་ཞལ་ཕྱོགས་པ་དང༌། དཀྱིལ་འཁོར་གྱི་ལྷ་ཚོགས་ལྟར་ཐམས་ཅད་ཐུབ་དབང་ལ་ཞལ་ཕྱོགས་པར་སྒོམ་ཚུལ་གསུམ་ཀ་རུང་ཡང་ཞལ་རང་ལ་ཕྱོགས་པ་ཅུང་ཟད་འཆར་བདེ་གསུངས། ཞེས་ཀེའུ་ཚང་འཇམ་དབྱངས་སྨོན་ལམ་གྱི་ལམ་རིམ་དུ་གསལ་ལོ། །