6727

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚན་བཟང་པོ་སོ་སུམ་ཅུ་རྩ་གཉིས
Tibetan Definition (ཕར་ཕྱིན) མཚན་བཟང་སོ་གཉིས་འདྲེན་ཚུལ་ལ་ལུགས་་མི་འདྲ་བ་གཉིས་ཡོད་དེ། ཤེར་ཕྱིན་གྱི་མདོ་དང་མངོན་རྟོགས་རྒྱན་ལས་གསུང་ཚུལ་དང༌། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་དང་རྒྱུད་བླ་མ་ལས་གསུང་ཚུལ་གཉིས་ཡོད་པ་ལས། 1 རང་གི་བདག་རྐྱེན་དུ་གྱུར་པའི་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་དེ་བཞིན་གཤེགས་པ་རྣམས་སྐྱེས་བུ་དམ་པར་མཚོན་པར་བྱེད་པའི་རྣམ་དཀར་གྱི་ཡོན་ཏན། སངས་རྒྱས་ཀྱི་མཚན་བཟང་གི་ཡོན་ཏན་གྱི་མཚན་ཉིད། དེ་ལ་དབྱེ་ན། ཕྱག་ཞབས་འཁོར་ལོས་མཚན་པ་དང༌། ཞབས་མཐིལ་མཉམ་པ་དང༌། སོར་མོ་དྲ་བས་འབྲེལ་བ་དང༌། ཕྱག་ཞབས་གཞོན་ཤ་ཆགས་ཤིང་འཇམ་པ་དང༌། སྐུའི་བདུན་མཐོ་བ་དང༌། སོར་མོ་རིང་བ་དང༌། རྟིང་པ་ཡངས་པ་དང༌། སྐུ་ཆེ་ཞིང་དྲང་བ་དང༌། ལོང་བུ་མི་མངོན་པ་དང༌། བ་སྤུ་གྱེན་དུ་ཕྱོགས་པ་དང༌། བྱིན་པ་ཨེ་ནེ་ཡ་ལྟ་བུ་དང༌། ཕྱག་རིང་བ་དང༌། འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་དང༌། པགས་པ་མདོག་གསལ་བ་དང༌། པགས་པ་འཇམ་པ་དང༌། སྤུ་རེ་རེ་ནས་སྐྱེས་ཤིང་གཡས་ཕྱོགས་སུ་འཁྱིལ་བ་དང༌། མཛོད་སྤུ་དང༌། རོ་སྟོད་སེང་གེ་འདྲ་བ་དང༌། དཔུང་འགོ་ཟླུམ་པ་དང༌། ཐལ་གོང་རྒྱས་པ་དང༌། རོ་བྲོ་བ་མཆོག་དང༌། སྐུ་ཆུ་ཞེང་གབ་པ་དང༌། གཙུག་ཏོར་དང༌། ལྗགས་རིང་བ་དང༌། ཚངས་པའི་དབྱངས་དང༌། འགྲམ་པ་སེང་གེའི་འདྲ་བ་དང༌། ཚེམས་དཀར་བ་དང༌། ཚེམས་མཉམ་པ་དང༌། ཚེམས་ཐགས་བཟང་བ་དང༌། གྲངས་བཞི་བཅུ་ཐམ་པ་ཚང་བ་དང༌། སྤྱན་མཐོན་མཐིང་དང༌། ཁྱུ་མཆོག་གི་རྫི་མ་ལྟ་བུ་སྟེ་གཉིས་ཤེར་ཕྱིན་གྱི་མདོ་ལས་བཤད་པ་ལྟར་ཡིན་ཞིང༌། །མངོན་རྟོགས་རྒྱན་ལས་ཀྱང༌། ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲ་བས་འབྲེལ་བ་དང༌། །ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང༌། །སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང༌། །ཞབས་འབུར་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ན་ཡའི་འདྲའི་ཕྱག་རིང་མཛད། །འདོམས་ཀྱི་སྦ་བ་སྦུགས་སུ་ནུབ་པའི་མཆོག །པགས་པ་གསེར་མདོག་པགས་པ་སྲབ་པ་དང༌། །སྤུ་རེ་རེ་ནས་གཡས་ལེགས་འཁྲུངས་དང༌། །ཞལ་མཛོད་སྤུས་རྒྱན་རོ་སྟོད་སེང་གེའི་འདྲ། །འདི་ཡི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། །འདི་ལ་རོ་མི་ཞིམ་པའང་རོ་མཆོག་སྣང༌། །སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ། །གཙུག་ཏོར་དབུར་ལྡན་ལྗགས་རིང་མཛེས་པ་དང༌། །ཚངས་དབྱངས་འགྲམ་པ་སེང་གེའི་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚད་མཉམ་ཐགས་བཟང་དང༌། །གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང༌། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི། འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས་གསུངས་པ་ལྟར་མཚན་བཟང་སོ་གཉིས་སོ། །2 གཉིས་པ་ནི། ཐེག་པ་ཆེན་པོའི་རྒྱུད་བླ་མ་ལས། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོའི་རྗེས་སུ་འབྲངས་ནས། ལེགས་གནས་འཁོར་ལོས་མཚན་པ་དང༌། །ཡངས་ཤིང་ཞབས་ལོང་མི་མངོན་དང༌། །སོར་མོ་རིང་དང་ཕྱག་ཞབས་ནི། །དྲ་བ་ཡིས་ནི་འབྲེལ་བ་དང༌། །པགས་འཇམ་གཞོན་ཤ་ཅན་ལེགས་ཉིད། །སྐུ་ནི་བདུན་དག་མཐོ་བ་དང༌། །བྱིན་པ་ཨེ་ན་ཡ་འདྲ་གསང༌། །གླང་པོ་བཞིན་དུ་སྦུབས་སུ་ནུབ། །རོ་སྟོད་སེང་གེ་འདྲ་བ་དང༌། །ཐལ་གོང་བར་མེད་རྒྱས་པ་དང༌། །དཔུང་འགོ་ལེགས་ཟླུམ་ཕྱག་འཇམ་དང༌། །ཟླུམ་ཞིང་མཐོ་དམན་མེད་པ་དང༌། །ཕྱག་རིང་ཡོངས་སུ་དག་པའི་སྐུ། །འོད་ཀྱི་དཀྱིལ་འཁོར་དང་ལྡན་དང༌། །མགྲིན་པ་དྲི་མེད་དུང་དྲ་དང༌། །འགྲམ་པ་རི་དྭགས་རྒྱལ་པོ་འདྲ། །ཚེམས་ནི་བཞི་བཅུ་མཉམ་པ་དང༌། །རབ་ཏུ་དྭངས་དང་ཚེམས་ཚགས་བཟང༌། །རྣམ་དག་ཚེམས་མཉམ་ཉིད་དང་ནི། །མཆེ་བ་རབ་མཆོག་དཀར་བ་ཉིད། །ལྗགས་རིང་མཐའ་མེད་བསམ་མེད་དང༌། །རོ་བྲོ་བ་ཡི་མཆོག་ཉིད་དང༌། །རང་བྱུང་ཀ་ལ་པིངྐ་ཡི། །སྒྲ་དང་ཚངས་པའི་དབྱངས་ཉིད་དང༌། །སྤྱན་བཟང་ཨུཏྤལ་ཁྱུ་མཆོག་རྫི་འདྲ་དང༌། །ཞལ་མཛེས་དྲི་མེད་མཛོད་སྤུ་དཀར་ལྡན་དང༌། །གཙུག་ཏོར་དབུར་ལྡན་དག་ཅིང་སྲབ་དང༌། །པགས་པ་གསེར་གྱི་མདོག་ལྡན་སེམས་ཅན་མཆོག །བ་སྤུ་ལེགས་ཕྲ་འཇམ་ཞིང་རེ་རེ་ནས། །སྐུ་ཡི་གྱེན་དུ་གཡས་ཕྱོགས་འཁྱིལ་བ་དང༌། །དབུ་སྐྲ་དྲི་མེད་རིན་ཆེན་མཐོན་མཐིང་བཞིན། །ནྱ་གྲོ་རྫོགས་པའི་ལྗོང་ཤིང་དཀྱིལ་འཁོར་འདྲ། །སྲེད་མེད་བུ་ཡི་སྟོབས་མངའ་མཁྲེགས་པའི་སྐུ། །ཀུན་ཏུ་བཟང་པོ་དཔེ་མེད་དྲང་སྲོང་ཆེ། །བསམ་མི་ཁྱབ་འབར་སུམ་ཅུ་རྩ་གཉིས་པོ། །འདི་དག་སྟོན་པས་མི་དབང་མཚན་དུ་གསུངས། །ཞེས་གསུངས་པ་ལ་རྩ་བའི་དངོས་ཟིན་གྱི་གྲངས་སུ་སུམ་ཅུ་རྩ་གཉིས་ལས་ལྷག་པ་བྱུང་ཡང༌། ཕན་ཚུན་དུ་བསྡུས་ནས་འཇོག་ཅིང༌། དེའི་ཕལ་ཆེར་སྔ་མ་དང་འདྲ་བ་ལ། སྐུ་འོད་ཀྱི་དཀྱིལ་འཁོར་དང་ལྡན་པ་དང༌། མགྲིན་པ་དྲི་མེད་དབྱིབས་དུང་དང་འདྲ་བ་གཉིས་སྔ་མར་མི་འབྱུང་བའི་མཚན་སོ་སོར་བགྲང་བར་བྱ་བ་ཡིན་ལ། གཞན་ཡང་རྒྱལ་ཚབ་ཐམས་ཅད་མཁྱེན་པའི་རྒྱུད་བླ་དར་ཊཱིཀ་རུ། མདོ་སྡེ་ཁ་ཅིག་ནས་སྐུ་བདུན་མཐོ་བ་མེད་པར་པགས་པ་དག་ཅིང་སྲབ་པ་དང༌། གསེར་གྱི་མདོག་འདྲ་བ་གཉིས་ཕྱེ་ནས་སུམ་ཅུ་རྩ་གཉིས་སུ་བཤད་དོ། །ཞེས་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོའི་འགྲེལ་པ་༧རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོས་མཛད་པ་ལས་གསུངས་པ་ལྟར་བཀོད་དོ། །སྒྲ་བཤད་ནི། རང་རྒྱུད་ལྡན་གྱི་གང་ཟག་སྐྱེས་བུ་ཆེན་པོར་མཚོན་པས་ན་མཚན་ནམ། མཚན་མ། རྟགས་མཚན་ཞེས་བྱའོ། །