7115

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཻ་ཏྲི་པ
Tibetan Definition དཔལ་བཀའ་བརྒྱུད་པའི་ཕྱག་རྒྱ་ཆེན་པོའི་ལྟ་བའི་ཁུངས་གཏུགས་སའི་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཞིག་སྟེ། མཁས་མཆོག་དེ་ཉིད་ནི་རྒྱ་གར་གྱི་གྲུབ་ཆེན་ན་རོ་པའི་དངོས་སློབ་དང་། ཇོ་བོ་རྗེ་ལྷ་གཅིག་གི་བླ་མ་ཡང་ཡིན་ཏེ། ཇོ་བོས་ཐེག་པ་ཆེན་པོའི་རྒྱུད་བླ་མ་རྩ་འགྲེལ་དང་། དོ་ཧ་ལ་སོགས་པའི་སྐོར་རྣམས་མཻ་ཏྲི་པ་ལས་གསན་པར་དེབ་སྔོན་སྨད་ཆ་ (༩༨༧) ལས་བཤད། མར་པ་ལོ་ཙཱ་བ་ཆེན་པོའི་བླ་མ་གཙོ་བོ་ཞིག་དང་། དེའི་ལྟ་བའི་ཁུངས་གཏུགས་ས་ཡིན་ཏེ། རྗེ་མར་པས་མཻ་ཏྲི་པའི་སྙན་པ་གསན་པས་ཐུགས་དྲངས་ཏེ་རྒྱ་གར་དུ་བྱོན་ནས། རྒྱ་གར་ཤར་ཕྱོགས་སུ་མངའ་བདག་མཻ་ཏྲི་པ་དང་མཇལ། རྒྱུད་ཀྱི་གསན་པ་མང་པོ་ཡང་མཛད། ཕྱག་རྒྱ་ཆེན་པོའི་མན་ངག་གིས་མངོན་སུམ་གྱི་རྟོགས་པ་འཁྲུངས་ཏེ། རྗེ་ (མཻ་ཏྲི) མངའ་བདག་ཆེན་པོའི་བཀའ་དྲིན་གྱིས། །གཞི་ཆོས་ཉིད་སྐྱེ་བ་མེད་པར་རྟོགས། །སེམས་སྟོང་པ་ཉིད་ལ་སྦར་ཟིན་བྱས། །མི་ཁོ་བོའི་སྤྲོས་པ་དེ་ནས་ཆོད། །ཅེས་གསུངས་ནས་སླར་ཡང་བོད་དུ་ཕེབས་པར་བཤད། མཻ་ཏྲི་པ་ནི། ཡུལ་དབུས་སུ་བྲམ་ཟེའི་རིགས་སུ་འཁྲུངས། (དོ་ཧའི་ལོ་རྒྱུས་སོགས་ཡོངས་གྲགས་ལྟར་བྱས་པ་སྟེ། རྗེ་མར་པས། ཁྱེད་འགྲོ་བའི་དོན་དུ་འཛམ་གླིང་འདིར། །རྒྱལ་པོའི་རིགས་སུ་སྐྱེ་བ་བཞེས། །ཅེས་གསུངས་པས་རྒྱལ་རིགས་སུ་འཐད་དོ) དང་པོར་ཕྱི་ནང་གི་གྲུབ་མཐའ་ཕལ་ཆེ་བ་ལ་མཁས་པར་གྱུར་ཀྱང་། དེས་ཐུགས་མ་ཚིམ་པར་འབད་པ་དུ་མས་དཔལ་ཤ་བ་རི་དབང་ཕྱུག་བཙལ་ཏེ། དེས་བྱིན་གྱིས་བརླབས་ཤིང་གསུང་གི་སྣང་བར་བྱས་པས། སྙིང་པོའི་དོན་མངོན་སུམ་དུ་རྟོགས་པར་གྱུར་ནས་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་ལ་སོགས་པའི་ཚུལ་སྨྲས་པས་མཁས་པ་ཆེན་པོ་ཤཱནྟི་པ་མ་རངས་པར་གྱུར་ནས་བརྩད་པས་མཻ་ཏྲི་པ་རྒྱལ་བར་གྱུར་ཏེ། དེ་ཕྱིན་ཆད་ནི་རྒྱལ་བ་མཻ་ཏྲི་པ་ཞེས་གྲགས་སོ། །དེ་ལ་སློབ་མ་མང་དུ་ཡོད་ཀྱང་གཙོ་བོ་ནི་ཆེ་བཞི། འབྲིང་བདུན། ཆུང་བ་བཅུ་སྟེ་ཉི་ཤུ་རྩ་གཅིག་ཏུ་གྲགས་སོ། །ཆེ་བ་བཞི་ནི། ན་ཏེ་ཀ་ར། དེ་བ་ཨཱ་ཀ་ར་ཙནྡྲ། ར་མ་པཱ་ལ། ཕྱག་ན་རྡོ་རྗེ་དང་བཞིའོ། །འབྲིང་བདུན་ལ། མཉམ་པའི་རྡོ་རྗེ། མི་ཉམས་རྡོ་རྗེ། ནམ་མཁའི་རྡོ་རྗེ། རོལ་པའི་རྡོ་རྗེ། དྷི་རི་ཤྲཱི་ཛྙཱ་ན། ཨ་བྷི་ཨུཀྟ། ཛ་གཏྤཱལ་དང་བདུན་ནོ། །ཆུང་བ་བཅུ་ནི། སྐནྡྷ་པ། མེ་གོ་པ། རྭ་ཆོ་རྣལ་འབྱོར་པ། ཏི་བུ་བ། ཤྲཱི་ནཱ་ལནྡ་པ། པདྨའི་ཕྲེང་བ། གོ་ཆ་མ། ནག་པོ་པ་ཆུང་བ། ཤྲཱི་རྣ་བ། པ་ལི་ཨཱ་ཙརྱ་རྣམས་སོ། །ཡང་མཻ་ཏྲི་པ་འདིས་ན་རོ་པ་དང་རྩོད་པས་ན་རོ་པ་རྒྱལ་ཏེ་སློབ་དཔོན་དུ་གྱུར་ཚུལ། བི་ཀྲ་མ་ཤཱི་ལར་བཞུགས་ཚེ་ཡི་དམ་རྣལ་འབྱོར་མའི་ནང་གི་དམ་རྫས་བསྟེན་པ་ཇོ་བོ་རྗེ་ལྷ་གཅིག་སོགས་ཞལ་ཏ་པས་མཐོང་སྟེ་དགེ་འདུན་གྱིས་གནས་ནས་ཕྱུང་བས་ཉམས་པ་སྒོ་ལ་འགྲོར་མི་རུང་ཞེས་རྩིག་པ་ལ་ཐལ་བཞུད་མཛད་ཚུལ། ཆུ་བོ་གངྒཱ་ལ་གདིང་བ་བཏིང་སྟེ་གཡོག་གུ་ས་ཀ་རའི་ལག་པ་ནས་བཟུང་སྟེ་སོང་བས་ཉི་མ་ནུབ་བོ་ཞེས་དགེ་འདུན་ཀུན་གྱིས་ངུས་ཚུལ། ཇོ་བོས་གཟིངས་བསྐོར་ཏེ་རྗེས་སུ་འཛིན་པར་ཞུས་ཚུལ་སོགས་ལོ་རྒྱུས་ཞིབ་པར་ཆོས་འབྱུང་མཁས་པའི་དགའ་སྟོན་སྟོད་ཆ་༧༧༢དང་དེབ་སྔོན་སྨད་ཆ་༩༨༥སོགས་ལ་གཟིགས། དོགས་གཅོད། མཻ་ཏྲི་པ་ནི་ལེགས་སྦྱར་དང་བོད་སྐད་གཉིས་འདྲེས་མའི་ཐ་སྙད་ཅིག་ཡིན་ནམ་སྙམ་སྟེ། དེ་ཡང་མཻ་ཏྲི་ནི་བོད་སྐད་དུ་བསྒྱུར་ན་བྱམས་པ་ཞེས་པ་ཡིན་ལ། ཚིག་ཟུར་གྱི་ “པ” ཡིག་ནི་བོད་སྐད་ཀྱི་བདག་སྒྲ་ཡིན་པར་སེམས་ཏེ། དཔེར་ན། ལོ་ཙཱ་ “བ” དང་ཀརྨ་ “པ” ། ཞེས་པའི་ཚིག་ཟུར་གྱི་ “བ” ཡིག་དང་། “པ” ཡིག་གཉིས་ལྟ་བུའོ། །སྙམ་ཡང་ད་དུང་དཔྱད་དོ། །