767

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཅོད་ཀྱི་གདམས་པ
Tibetan Definition རྒྱ་གར་གྱི་གྲུབ་ཆེན་ཕ་དམ་པ་སངས་རྒྱས་ཀྱིས་སྲོལ་བཏོད། དེས་གཙང་གི་སྐྱོ་སྟོན་བསོད་ནམས་བླ་མ་ལ་གནང་། དེས་མ་ཅིག་ལབ་སྒྲོན་སོགས་ལ་གནང་། དེ་དག་ལས་བརྒྱུད་པའི་རང་ལུས་སྦྱིན་པར་གཏོང་བའི་གདམས་པ་ཞིག སྒྲ་བཤད་ནི། གདམས་པའི་བྱེད་ལས་ཀྱི་སྒོ་ནས་བཏགས་པ་སྟེ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་རང་དོན་ཡིད་བྱེད་གཅོད། སྟོང་ཉིད་ཀྱི་ལྟ་བས་འཁོར་བ་རྩ་བ་གཅོད། དེ་དག་ཐུན་མོང་གིས་བདུད་བཞི་གཅོད་པས་དེ་སྐད་ཅེས་བཏགས་སོ། །ཡང་སྤྱོད་ཅེས་བྲིས་པའང་སྣང་སྟེ། རྒྱལ་བ་སྲས་བཅས་ཀྱི་ཉམས་ལེན་ཐབས་ཤེས་ཀྱི་ལམ་ལ་སྤྱོད་པས་དེ་ལྟར་དུ་གྲགས་སོ། །ཕྱིས་སུ་གཏེར་ནས་བཏོན་པའི་གཅོད་ཀྱི་གདམས་པ་འགའ་ཞིག་ཀྱང་བྱུང་འདུག་ཅིང་། རྒྱལ་ཐང་བ་བསམ་གཏན་འོད་ཟེར་གྱི་དག་སྣང་དུ་མ་ཅིག་ལབ་སྒྲོན་དང་མཇལ་ནས་གནང་བ་རྒྱལ་ཐང་དུ་ལུགས་དང་། རྟོགས་ལྡན་སྣ་ཚོགས་རང་གྲོལ་ལ་གནང་བ་སྙན་བརྒྱུད་ལམ་ཟབ་སོགས་མང་པོ་ཞིག་དར་རོ། །རྒྱལ་བ་ཙོང་ཁ་པ་ཆེན་པོ་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བསྩལ་བའི་འཇམ་དབྱངས་ཆོས་སྐོར་དུ་ཁྲོས་ནག་གི་བྱིན་རླབས་དང་གཅོད་ཀྱི་མན་ངག་བཞུགས་པ་རྒྱལ་བ་དབེན་ས་པ་ནས་རིམ་པར་བརྒྱུད་དེ་དེང་སང་ཡང་དགེ་ལྡན་པའི་ཕྱོགས་སུ་དར་རྒྱས་ཆེ་བ་ཡོད་པར། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་གསུང་ངོ་། །གཅོད་ལ་ཕོ་གཅོད། མོ་གཅོད་གཉིས་ཡོད།