7858

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགལ་བའི་ཁུར་ཆེན་བཅོ་བརྒྱད
Tibetan Definition སྟག་ཚང་ལོ་ཙཱ་བའམ་སྒྲ་པ་ཤེས་རབ་རིན་ཆེན་གྱིས། རྗེ་ཙོང་ཁ་པ་ཆེན་པོའི་ལྟ་བའི་ཕྱོགས་ལ་ནང་འགལ་གྱི་ཁུར་ཆེན་པོ་བཅོ་བརྒྱད་འདུག་ཅེས་ཆོས་མཐུན་གྱིས་རྒོལ་ཚུལ་འདི་ལྟར། གང་དག་དཔལ་ལྡན་ཟླ་བའི་རྗེས་འབྲངས་ནས། །མ་དག་འཁྲུལ་བའི་སྣང་བ་ཚད་གྲུབ་ཏུ། །རིགས་པ་དུ་མས་དཔྱད་ནས་ཁས་ལེན་པ། །འདི་ལ་འགལ་བའི་ཁུར་ཆེན་འདི་ལྟར་ཡོད། །༡ ཡུལ་ཀུན་བརྫུན་དང་ཡུལ་ཅན་བསླུ་མེད་འགལ། །༢ ཡུལ་དེར་འཁྲུལ་དང་དེ་ལ་ཚད་མ་འགལ། །༣ རྗེས་དཔག་ཡོད་དང་སྒྲུབ་ངག་མེད་པ་འགལ། །༤ མཐུན་སྣང་མེད་དང་ཆོས་ཅན་ཚད་གྲུབ་འགལ། །༥ ཕྱི་དོན་ཚད་གྲུབ་རྡུལ་ཕྲན་ཆ་བཅས་འགལ། །༦ རིགས་དྲུག་ཚད་མ་རྡོས་བཅས་ཚད་གྲུབ་འགལ། །༧ སྐྲ་ཤད་མེད་དང་ཀླུང་རྣག་ཡོད་པ་འགལ། །༨ རྫས་གྲུབ་མེད་དང་དངོས་པོ་ཡོད་པ་འགལ། །༩ གཞན་སྐྱེ་མེད་དང་ས་མྱུག་རྫས་གཞན་འགལ། །༡༠ བདེན་བརྫུན་ཡོད་དང་ཡང་ལོག་མེད་པ་འགལ། །༡༡ ཡན་ལག་ལ་དཔྱད་བུམ་པ་མི་རྙེད་དང་། །སྐད་ཅིག་ལ་དཔྱད་ཞིག་པ་རྙེད་པ་འགལ། །༡༢ རང་རྒྱུད་སྨྲ་བས་རང་བཞིན་སྨྲས་པ་དང་། །རང་བཞིན་མེད་བློ་དེ་ངོར་གྲུབ་པ་འགལ། །༡༣ ཉོན་མོངས་ཅན་མིན་མ་རིག་ཡོད་པ་དང་། །ཤེས་པར་གྱུར་པའི་ཤེས་སྒྲིབ་མེད་པ་འགལ། །༡༤ གཞུང་གཞན་ནས་བཤད་ཀུན་གཞི་རང་རིགས་སོགས། །འགོག་ན་དེ་དག་རང་ལུགས་མི་འདོད་དང་། །སྡེ་བདུན་ནས་གསུངས་ཚད་མ་མི་འདོད་ཀྱང་། །རང་ལུགས་ཚད་མའི་རྣམ་གཞག་ཤེས་པ་འགལ། །༡༥ མི་རྟག་སོགས་རྟོགས་རྣལ་འབྱོར་མངོན་སུམ་དང་། །དེ་ཡིས་སྦྱོར་ལམ་རྟོགས་པར་མི་སླེབ་འགལ། །༡༦ གཞན་སེམས་ཤེས་པ་ཡིད་མངོན་ཡིན་པ་དང་། །བདེན་བཞི་ཤེས་པ་རྣལ་འབྱོར་མངོན་སུམ་འགལ། །༡༧ ཀུན་མཁྱེན་ཡེ་ཤེས་ཆོས་ཀུན་འཇལ་བ་དང་། །ཤེས་བྱ་ཕྱེད་ལ་ཚད་མ་མིན་པ་འགལ། །༡༨ རྫས་ཡོད་བདག་སྨྲ་གནས་མ་བུར་ངེས་དང་། །རྣམ་ཤེས་བདག་སྨྲའི་དབུ་སེམས་ཡོད་པ་འགལ། །དེ་ལྟར་འགལ་བའི་ཁུར་ཆེན་ཡོད་པའི་རྒྱུ། །རྣམ་དཔྱད་མེད་པར་འཇིག་རྟེན་ཉིད་ལས་ཞེས། །ཡང་ཡང་སྨྲས་ཀྱང་རྟོག་གེར་གོམས་པས་མཐུས། །འཐད་པ་བཅུག་ནས་དཔྱད་ཅིང་བསྒྲུབས་པས་སོ། །ཞེས་པ་ལྟར་རོ། །སྟག་ཚང་པས་ཕྱིས་སུ་རྗེ་བླ་མའི་ཕར་ཕྱིན་འགྲེལ་པ་ལེགས་བཤད་གསེར་གྱི་ཕྲེང་བ་གཟིགས་ནས་མི་ཕྱེད་པའི་དད་པ་ཐོབ་སྟེ། ཁྱོད་བློའི་ཉི་མ་གཞོན་ནུའི་དུས་ཀྱི་ཚེ། །མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས། །བདག་བློ་ཁེངས་པའི་ང་རྒྱལ་ཀུ་མུད་ཟུམ། །ཟབ་ཡངས་མཁྱེན་པའི་གཏེར་ལ་གསོལ་བ་འདེབས། །ཞེས་དང་། མདོ་སྔགས་མཐའ་དག་ཁྱད་པར་རྡོ་རྗེ་ཐེག །རྒྱུད་སྡེ་མཐའ་དག་ཁྱད་པར་བླ་མེད་དོན། །རིམ་གཉིས་མཐའ་དག་ཁྱད་པར་སྒྱུ་ལུས་ལ། །སྔོན་མེད་ལེགས་བཤད་གཏེར་ཆེན་ཁྱོད་ལ་འདུད། །ཅེས་སོགས་ཀྱིས་དོན་མཐུན་གྱི་བསྔགས་པ་མཛད་པས་གོ་ཤཱཀ་སོགས་ལས་ཁྱད་པར་ཆེ་བར་གསུངས་སོ། །འགལ་བའི་ཁུར་ཆེན་བཅོ་བརྒྱད་ཀྱིས་རྗེའི་ལྟ་བ་ལ་ལུང་རིགས་ཀྱི་སྒོ་ནས་རྒོལ་བའི་གཞུང་འདི་བློ་གཟུ་བོར་གནས་ཤིང་། དེ་ལས་མི་ཉུང་བ་ཞིག་རྟོག་དཔྱོད་འོས་པའི་རྣམ་དཔྱོད་ཅན་གྱི་དོགས་སློང་དུ་སྣང་བས་འདིར་བཀོད་པ་ཡིན། གཞན་དུ་ན་མཁས་པ་གཞན་དག་གིས་རང་གི་བླ་མ་དང་གྲུབ་མཐའ་ལ་ལུང་རིགས་ཀྱི་སྒོ་ནས་རྒོལ་བ་ལ། སྙིང་མི་དགེ་བ་བྱེད་ན་བློ་སྐྱེད་འབྱུང་བའི་སྒོ་འགེགས་ཤིང་རིགས་པ་སྨྲ་བའི་ཞེས་བྱ་བའི་གྲངས་ནས་རང་འབུད་དུ་འགྲོའོ། །བཅོམ་ལྡན་འདས་ཀྱི་རིང་ལུགས་སྤྱི་དང་ལྷག་པར་རིགས་པ་སྨྲ་བ་ཞེས་བྱ་བའི་གྲལ་དུ་འཁོད་པ་ལ་ནི་བློ་གཟུ་བོར་གནས་པ་ཞིག་རྨང་གཞིར་དགོས་ཤིང་། ལར་ནས་དངོས་ཡོད་བདེན་པ་འཚོལ་བ་ནི་ནང་པ་སངས་རྒྱས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་པས་དེ་དང་ཡང་འགལ་ལོ། །རྣམ་དཔྱོད་ཀྱི་རྩལ་ལས་ཐོན་ཞིང་རིགས་ལམ་དཔང་པོར་བཞག་པའི་རྩོད་ཡིག་དང་རྩོད་ལན་སོགས་ནི་ཇི་ཙམ་མང་ཡང་བློ་གྲོས་གོང་དུ་འཕེལ་བའི་རྒྱུ་དང་བསྟན་པའི་བྱི་དོར་དུ་སྣང་ངོ་། །དེ་མིན་གྲུབ་མཐའ་ཕན་ཚུན་ངན་མཚང་འདོན་རེས་བྱེད་པ་ལྟ་བུའི་རྩོད་ཡིག་དང་རྩོད་ལན་དག་ནི་རང་གི་གྲུབ་མཐའི་ཞབས་འདེགས་སུ་རློམ་ཡང་ཞབས་འདྲེན་དུ་གྱུར་པ་མང་ངོ་། །སྟག་ཚང་པའི་རྩོད་ལན་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང་། ཕུར་ལྕོག་ངག་དབང་བྱམས་པ། ལི་ཐང་མཁན་པོ་ཉག་རེ་ཆོས་གྲགས་སོགས་དགེ་ལྡན་པའི་མཁས་པ་མང་པོས་དགག་ལན་དཔྱིས་ཕྱིན་པ་མཛད་འདུག་པ་དེ་དག་ལ་བལྟ་བར་བྱའོ། །