7874

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགོས་ཁུག་པ་ལྷས་བཙས
Tibetan Definition རྗེ་འགོས། རྟ་ནག་འགོས། རྟ་ནག་འགོས་ཁུག་པ་ལྷས་བཙས། འགོས་ལོ་ཙཱ་བ། འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས་ཀྱང་ཟེར། རྗེའི་རིམ་ལྔ་གསལ་སྒྲོན་ལས། རབ་འབྱམས་གཞུང་ལ་མཁས་པའི་སྒྲ་སྒྱུར་མཆོག །རྟ་ནག་འགོས་ཀྱི་ཞབས་ལ་ཕྱག་འཚལ་ལོ། །ཞེས་གསུངས། མཚན་དངོས་ནི་ལྷས་བཙས་ཞེས་བྱ། འགོས་ནི་གདུང་ནི་མིང་ཡིན་ལ། ལྷས་བཙས་ནི་ལྷས་སྐྱབས་ཞེས་བྱ་བའི་དོན་ཏེ། དེ་ཡང་བཙས་པའམ་བཙའ་བ་ནི་འདིར་གཅེས་སྐྱོང་ངམ་སྲུང་སྐྱོབ་བྱེད་པའི་དོན་ནོ། །ཁུག་པ་ནི་རྟ་ནག་ཕུག་པའི་ཁུག་པ་ཞེས་བྱ་བའི་སའི་ཆར་འཁྲུངས་པས་དེ་ལྟར་དུ་བཏགས་པར་དེབ་སྔོན་དུ་གསལ། སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་མར་པ་ལོ་ཙཱ་བ་ཆེན་པོ་དང་སྐུ་དུས་མཚུངས་པར་བྱོན་ཞིང་། རྗེ་མར་པའི་འཁྲུངས་འདས་ལོ་ཚིགས་ནི། (༡༠༡༢-༡༠༩༧) ཡིན་པས་དེའི་ཡས་མས་ཙམ་ལ་བྱོན་པར་མངོན། དཔལ་ས་སྐྱ་པའི་གྲུབ་མཐའི་སྲོལ་གཏོད་པ་པོ། འཁོན་དཀོན་མཆོག་རྒྱལ་པོའི་བླ་མའི་གཙོ་བོ་ཞིག་དང་། གྲུབ་ཆེན་ནག་པོ་པ་དང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་དངོས་སློབ་གྲགས་ཆེ་བ་ཞིག་ཀྱང་ཡིན། རྗེ་འདིས་རིམ་པ་གཉིས་ཀའི་མན་ངག་རྒྱས་པར་བཤད་པ་སྟོང་ཐུན་ཆེན་མོ་ཞེས་བྱ་བ་མཛད། འདུས་པ་འཕགས་ལུགས་ཀྱི་མན་ངག་གི་ཁུངས་གཏུགས་ས་གལ་ཆེ་བ་ཞིག་ཀྱང་ཡིན། རྗེ་དེ་ཉིད་རྒྱ་གར་དུ་ལན་བཅུ་གཉིས་བྱོན་ནས་པཎྜི་ཏའི་བླ་མ་བདུན་ཅུ་དང་། མཁའ་འགྲོ་མའི་བླ་མ་གཉིས་ཏེ་བདུན་ཅུ་རྩ་གཉིས་ཡོད་པར་གྲགས། ཁྱད་པར་དུ་འཕགས་ཀྱི་འདུས་པ་རྩད་གཅོད་པ་ལ། བྷངྒ་ལའི་མཁས་པ་མངོན་ཤེས་ཅན་དང་། ཟ་ཧོར་གྱི་མཁས་པ་བཙུན་མོ་ཅན། ཀོངྐ་ནའི་མཁས་པ་སྤྲིན་གྱི་ཤུགས་ཅན། ཁ་ཆེ་ཁྲི་བརྟན་གྱི་མཁས་པ་ཙ་ནཱ་ཧ་རི། འཇམ་དབྱངས་ཀྱིས་བྱིན་གྱིས་རླབས་པ་པཛྙཱ་ན་ཀ་ར། བལ་པོ་མཐིལ་གྱི་ཙ་ཧ་དུ། བལ་པོ་རྫོང་གི་ནཱ་ག་ཀོ་ཊི། པཎྜི་ཏ་ས་ར་ཧ་པ། རྡོ་རྗེ་གདན་གྱི་མཁས་པ་ནག་པོ་དམ་ཚིག་རྡོ་རྗེ། ཝི་ཀྲ་མ་ཤཱི་ལའི་མཁས་པ་དི་པཾ་ཀ་ར་ཤྲཱི་ཛྙཱ་ན་ (ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ) རྣམས་བསྟེན་ཅིང་ཕྱི་མ་གཉིས་ལ་ནི་བོད་དུ་གསན་ཏོ། །བླ་མ་དེ་རྣམས་ལ་འཕགས་སྐོར་ལྔའི་གཞུང་ལ་བརྟེན་པའི་གཞུང་བཤད། དབང་ལུང་མན་ངག་གི་སྐོར་རྣམས་ལེགས་པར་གཏན་ལ་འབེབས་པར་མཛད། མངོན་ཤེས་ཅན་དང་བཙུན་མོ་ཅན་དང་ནག་པོ་པ་གསུམ་ལ་མཆོག་གི་བླ་མར་མཛད་ཅིང་། གཞུང་བཤད་དང་གདམས་པ་ཡང་དེ་གསུམ་གྱི་ལུགས་ལ་གཙོ་བོར་མཛད་དོ། །བོད་དུ་བྱུང་བའི་གསང་འདུས་འཕགས་ལུགས་ལ་རྒྱུད་ཀྱི་བཤད་སྲོལ་གཞན་མང་དུ་སྣང་ནའང་། རྗེ་རིན་པོ་ཆེ་འགོས་ཀྱི་བཤད་པ་ཉིད་དེ་རྣམས་ཀྱི་མཆོག་ཏུ་མཐོང་ངོ་། །ཞེས་རྗེ་ཙོང་ཁ་པ་ཆེན་པོའི་རིམ་ལྔ་གསལ་སྒྲོན་ན་གསལ་ཞིང་། རྗེ་འགོས་ནི་བོད་ཀྱི་ལོ་ཙཱ་བ་གྲགས་ཅན་བརྒྱ་དང་དགུ་བཅུ་གོ་གཉིས་ཀྱི་མཚན་གཞུང་བུ་སྟོན་རིན་པོ་ཆེའི་ཆོས་འབྱུང་དུ་གསལ་བའི་ཨང་གྲངས་བརྒྱད་ཅུ་གྱ་བཞི་པ་༨༤འགོས་ཁུག་པ་ལྷས་བཙས་ཞེས་པ་དེ་ཡིན། དོགས་གཅོད། རྗེ་ཙོང་ཁ་པ་ཆེན་པོའི་རིམ་ལྔ་གསལ་སྒྲོན་དུ་རྗེ་འགོས་ཞེས་ཡང་ཡང་འབྱུང་བ་ཡང་། འགོས་ཁུག་པ་ལྷས་བཙས་ཉིད་ལ་གོ་དགོས་ཏེ། འགོས་ལོ་ཙཱ་བ་ཆོས་གྲུབ་ཅེས་པ། ཆོས་རྒྱལ་ཁྲི་རལ་པ་ཅན་ (༨༧༧-༨༩༦) དང་སྐུ་དུས་མཚུངས་པར་བྱོན་པ་དེ་ནི་མ་ཡིནཏེ། རྗེ་འགོས་ཇོ་བོ་རྗེའི་དངོས་སློབ་ཡིན་པ་རྗེ་ཙོང་ཁ་པ་ཆེན་པོས་རིམ་ལྔ་གསལ་སྒྲོན་དང་། ལམ་རིམ་ཆེན་མོར་གསལ་བར་གསུངས་ལ། ཇོ་བོ་རྗེ་ནི་ཆོས་རྒྱལ་ཁྲི་རལ་གྱི་རྗེས་སུ་སྤྱི་ལོ་ (༩༨༢-༡༠༥༤) ལ་བྱོན་པའི་ཕྱིར། ཡང་རྗེ་ཙོང་ཁ་པ་ཆེན་པོཨི་དངོས་སློབ་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་གཉིས་ཀྱི་ནང་ཚན། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་བ་ཞེས་བྱ་བ་དེབ་སྔོན་མཛད་པ་པོའི་བཀའ་བརྒྱུད་ཀྱི་མཁས་གྲུབ་གྲགས་ཅན་དེ་ཡང་མིན་ཏེ། དེ་ནི་སྤྱི་ལོ་ (༡༣༩༢-༡༤༨༡) ལ་བྱོན་པས་ཇོ་བོ་རྗེ་དང་སྐུ་དུས་མི་མཚུངས་པས་ཇོ་བོའི་དངོས་སློབ་ཡིན་པ་འགལ་ལོ། །དེས་ན་རྗེ་ཙོང་ཁ་པའི་གསུང་ནང་རྗེ་འགོས་ཞེས་ཡང་ཡང་འབྱུང་བ་ནི་འགོས་ཁུག་པ་ལྷས་བཙས་ཉིད་ལ་ངོས་འཛིན་དགོས་པ་ཡིན་ནོ། །རྗེ་འགོས་ཀྱི་འགྱུར་ཆོས་ནི་ཤིན་ཏུ་མང་སྟེ། ༡ སེངྒེའི་སྒྲའི་རྒྱུད། ༢ རྡོ་རྗེ་མཁའ་འགྲོ་དང་རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་གཉིས། ༣ རྡོ་རྗེ་གདན་བཞིའི་རྩ་བའི་རྒྱུད། ༤ བཤད་པའི་རྒྱུད། ༥ མནཱ་ཨཾ་པ། ༦ གདན་བཞི་སྦྱོར་བའི་རབ་ཏུ་བྱེད་པ། ༧ མ་ཧཱ་མཱ་ཡའི་རྒྱུད། ༨ འཇིག་རྟེན་དབང་ཕྱུག་ལ་བསྟོད་པ། ༩ སྤྱན་རས་གཟིགས་ཀྱི་བསྟོད་པ། ༡༠ སྤྱན་རས་གཟིགས་དབང་ཕྱུག་གི་བསྟོད་པ། ༡༡ ཐུགས་རྗེ་ཆེན་པོ་ལ་བསྟོད་ཅིང་བསྐུལ་བ། ༡༢ དོན་ཡོད་ཞགས་པའི་དཀྱིལ་འཁོར་གྱི་ལྷ་བཅུ་བདུན་ལ་བསྟོད་པ་དྲི་མ་མེད་པའི་འོད། ༡༣ ཐུགས་རྗེ་ཆེན་པོ་ལ་བསྟོད་ཅིང་བསྐུལ་བ། ༡༤ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་བརྒྱ་ལྔ་བཅུ་པའི་འགྲེལ་པ། ༡༥ རྟེན་འབྲེལ་གྱི་ཆོ་ག་ཞིབ་མོ། ༡༦ དགེ་བ་འདོད་འཇོའི་རྣམ་བཤད། ༡༧ གསང་འདུས་ཀྱི་གླེང་གཞིའི་བཤད་པ། ༡༨ བདེ་བ་ཆེན་པོའི་སྒྲུབ་ཐབས། ༡༩ གསང་འདུས་ཀྱི་དཀྱིལ་ཆོག་དང་རབ་གནས། ༢༠ རྡོ་རྗེ་སེམས་དཔའི་མཆོད་ཆོག ༢༡ གསང་བ་འདུས་པའི་མངོན་པར་རྟོགས་པ་རྒྱན་གྱི་འགྲེལ་པ། ༢༢ སྒྲོན་གསལ་གྱི་འགྲེལ་བཤད། ༢༣ གསང་འདུས་ཀྱི་གཏེར་ཆོག ༢༤ བདག་གྲུབ་པ་ལ་འཇུག་པ། ༢༥ གསང་འདུས་བཤད་སྦྱར་སྙིམ་པའི་མེ་ཏོག ༢༦ གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས། ༢༧ མུ་ཏིག་ཕྲེང་བ། ༢༨ དཀའ་འགྲེལ་དྲན་པའི་འབྱུང་གནས། ༢༩ ཀྱེ་རྡོ་རྗེ་དཔའ་བོ་གཅིག་པའི་སྒྲུབ་ཐབས། ༣༠ ནག་པོ་པས་མཛད་པའི་སྦྱིན་སྲེག ༣༡ དུས་ཁྲོད་ཀྱི་བཤད་པ། ༣༢ དཀྱིལ་ཆོག་གཞུང་འགྲེལ། ༣༣ ནག་པོ་པ་ཆུང་བས་མཛད་པའི་རོ་སྲེག་གི་ཆོ་ག ༣༤ སྦྱིན་སྲེག་གི་ཆོག ༣༥ རབ་ཏུ་གནས་པའི་ཆོ་གའི་ཚུལ། ༣༦ ཚོགས་ཀྱི་འཁོར་ལོ། (བདེ་མཆོག་གི་སྐོར་ལ) ༣༧ ལྭ་བ་པའི་འགྲེལ་པ་སྒྲུབ་ཐབས་གླེང་གཞི། ༣༨ དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་བཏུས་པའི་སྒྲུབ་ཐབས་བྱང་ཆུབ་ཀྱི་སེམས་ཀུན་ཏུ་གཟིགས་པའི་ཕྲེང་བ། (ཆོས་དྲུག་གི་སྐོར་ལ) ༣༩ དཔྱིད་ཀྱི་ཐིག་ལེ། ༤༠ གསང་བའི་དེ་ཁོ་ཉིད། (རྡོ་རྗེ་མཁའ་འགྲོའི་སྐོར་ལ) ༤༡ རྡོ་རྗེ་མཁའ་འགྲོའི་འགྲེལ་པ། (གདན་བཞིའི་སྐོར་ལ) ༤༢ རྒྱུད་ཀྱི་འགྲེལ་པ་དྲན་པའི་རྒྱུ་མཚན། ༤༣ གདན་བཞིའི་དཀྱིལ་ཆོག་སྙིང་པོ་མདོར་བསགས། ༤༤ གདན་བཞིའི་དེ་ཁོ་ཉིད་བཞི་པ་དང་གསུམ་པ། (མ་ཧཱ་མཱ་ཡའི་སྐོར་ལ) ༤༥ རྒྱུད་ཀྱི་འགྲེལ་པ་ཡོན་ཏན་ལྡན། ༤༦ དཀའ་འགྲེལ། ༤༧ དཀའ་འགྲེལ་སྒྱུ་མ་ཅན། ༤༨ སྒྱུ་འཕྲུལ་ཆེན་མོའི་རྗེས་སུ་འབྲངས་པའི་ཧེ་རུ་ཀའི་སྒྲུབ་ཐབས། ༤༩ རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཆེ་ཆུང་གཉིས། ༥༠ གཏོར་ཆོག ༥༡ རྨོངས་པ་གྲོལ་བའི་བརྟག་པ། ༥༢ བུམ་པའི་ཆོ་གའི་རྣམ་པར་ཕྱེ་བ། ༥༣ དབང་བཞི་པའི་རབ་ཏུ་བྱེད་པ། ༥༤ ཐབས་དང་ཤེས་རབ་གཏན་ལ་དབབ་པ་གྲུབ་པ། ༥༥ དངོས་པོ་གསལ་བའི་རྗེས་སུ་འགྲོ་བའི་དེ་ཁོ་ན་ཉིད་ཀྱི་སྒྲུབ་པ། ༥༦ བིརྦ་པའི་རྡོ་རྗེ་ཚིག་རྐང་། ༥༧ ཏོག་ཙེ་པའི་བསམ་མི་ཁྱབ། ༥༨ སློབ་དཔོན་དཔལ་སྦས་ཀྱིས་མཛད་པའི་དབུ་མ་ཤེས་རབ་ལ་འཇུག་པ་བཅས། ཁོ་བོའི་མིག་ལམ་དུ་སོན་པ་ནི་དེ་ཙམ་མོ། །དམ་པ་འདིས་ནི་སྔགས་ལོག་སུན་འབྱིན་པ་དང་བསྟན་བཅོས་བསྒྱུར་བ་སོགས་ཀྱིས་སངས་རྒྱས་ཀྱི་བསྟན་པ་ལ་ཕྱག་བྱས་གཟེངས་ཐོན་པ་འཇོག་པར་མཛད་འདུག་གོ།