8635

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འོད་མའི་ཚལ
Tibetan Definition (འདུལ་བ) 1 འོད་མའི་ཚལ་ནི་རྒྱལ་པོ་གཟུགས་ཅན་སྙིང་པོས་སྟོན་པ་ལ་ཕུལ་བའི་རྒྱལ་པོའི་ཁབ་ཀྱི་ཉེ་འགྲམ་དུ་ཡོད་པའི་འོད་མ་སྟེ་སྨྱུག་མ་མང་པོ་ཡོད་པའི་སྐྱེད་མོས་ཚལ་ཞིག་གི་མིང་ཡིན། འདུལ་བ་ལུང་གཞི་༼ ང་པ ༽ལས། སྐྱེད་མོས་ཚལ་དེ་འོད་མའི་ཚལ་གྱིས་ཡོངས་སུ་བསྐོར་ཏེ། བློན་པོ་རྣམས་ཀྱིས་དེ་རྣམས་ཀྱི་གནས་འོད་མའི་ཚལ་གྱི་ཉེ་འཁོར་དུ་བཅས་པས། དེ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ཞེས་བྱ་བར་གྱུར་ཏོ། །རྒྱལ་པོ་གཟུགས་ཅན་སྙིང་པོའི་ཞང་པོ་ཀུན་ཏུ་འཚོ་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་ནས་དེས་སྐྱེད་མོས་ཚལ་དེ་དེའི་གནས་ཀྱི་ཕྱིར་བྱིན་ནོ། །ཇི་ཙམ་ན་བཅོམ་ལྡན་འདས་མ་ག་དྷ་ནས་ལྗོངས་རྒྱུ་ཞིང་གཤེགས་པ་དང༌། རྒྱལ་པོའི་ཁབ་ཏུ་བྱོན་ནས་ཤིང་ཞིག་གི་དྲུང་ན་བཞུགས་སོ། །མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་མ་ག་དྷ་ནས་ལྗོངས་རྒྱུ་ཞིང་གཤེགས་པ་ན། རྒྱལ་པོའི་ཁབ་ཏུ་བྱོན་ནས་ཤིང་ཞིག་གི་དྲུང་དུ་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་རྒྱལ་པོའི་འབྱོར་པ་ཆེན་པོ་དང༌། རྒྱལ་པོའི་མཐུ་ཆེན་པོས་རྒྱལ་པོའི་ཁབ་ནས་བྱུང་སྟེ། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང༌། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་པ་དང༌། བཅོམ་ལྡན་འདས་ཀྱིས་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་བསྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ༌། །དེ་ནས་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སང་བདག་གི་སྡུམ་པར་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་གདུགས་ཚོད་སྦྱོར་ཞིང་མཆིས་ན། གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་ཅང་མི་གསུང་བས་གནང་ངོ༌། །དེ་ནས་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས། བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ༌། །དེ་ནས་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས། དེ་ཉིད་ཀྱི་མཚན་མོ་ནས་གཙང་ཞིང་བསོད་པའི་བཟའ་བ་དང༌། བཅའ་བ་དག་སྟ་གོན་བྱས་ནས་ནང་པར་སྔར་ལངས་ཏེ། གདན་བཤམས་ནོར་བུའི་ཆུ་སྣོད་བཞག་ནས་བཅོམ་ལྡན་འདས་ལ་སྤྱན་འདྲེན་གྱི་དུས་ཚོད་གསོལ་པ། བཙུན་པ་གདུགས་ཚོད་ལགས་ན། ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། དེ་ནས་བཅོམ་ལྡན་འདས་སྔ་དྲོ་ན་བཟའ་ཤམ་ཐབས་མནབས། ལྷུང་བཟེད་དང༌། ཆོས་གོས་བསྣམས་ཏེ། དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ། མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོའི་བཀད་ས་གང་ན་བ་དེར་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས། གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་སྟོབས་ཤིང་ཚིམ་པར་བྱེད་དེ། རྣམ་གྲངས་དུ་མར་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལ་གནས་བསྟབས་ཤིང་ཚིམ་པར་བྱས་ཏེ། བཅོམ་ལྡན་འདས་ཀྱིས་གསོལ་ཟིན་ནས་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས། གསེར་གྱི་བྱ་མ་བུམ་བླངས་ཏེ། བཙུན་པ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་འདིར་བཅོམ་ལྡན་འདས་ཅི་བདེར་བཞུགས་ཤིག་ཅེས་བཅོམ་ལྡན་འདས་ལ་སྐྱེད་མོས་ཚལ་དེ་ཕུལ་ལོ། །ཞེས་གསུངས། 2 སྨྱུག་མའི་ནགས་ཚལ། ལུང་ཞུ་བའི་འགྲེལ་པ་ལས། འོད་མའི་ཚལ་ནི་སྨྱུག་མ་སྦོམ་པོའི་ནགས་སོ། །ཞེས་གསུངས་པ་ལྟར་རོ། །3 སྦའི་ནགས་ཚལ།