9140

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རི་བོ་རྩེ་ལྔ
Tibetan Definition འཕགས་པ་འཇམ་དཔལ་གྱི་གནས་རྒྱ་ནག་རི་བོ་རྩེ་ལྔ་ཞེས་ཡོངས་སུ་གྲགས་པ་འདི་ནི། འཇམ་དཔལ་རྩ་རྒྱུད་ལས། རྒྱ་དང་རྒྱ་ནག་ཆེ་ཉིད་ན། །འཇམ་པའི་དབྱངས་ནི་རབ་འགྲུབ་འགྱུར། །ཞེས་དང༌། བྱང་ཆུབ་སེམས་དཔའ་དཔའ་བོ་ཆེ། །འཇམ་པའི་དབྱངས་ནི་འོད་ཆེན་པོ། །མངོན་སུམ་དེ་ཡི་ཡུལ་དག་ན། །བྱིས་པའི་གཟུགས་ཀྱིས་བཞུགས་པ་ཡིན། །གྲུབ་པའི་ཞིང་མཆོག་དམ་པ་ལ། །མི་ནི་ཡོངས་སུ་སྒྲུབ་པར་འགྱུར། །ཞེས་ལུང་བསྟན་པ་ལྟར་རོ། །གནས་མཆོག་འདི་ལ་རྒྱ་ནག་གི་སྐད་དུ་ “ཨུ་ཐའི་ཤན” ཏེ་རི་བོ་རྩེ་ལྔ་ཞེས་པ་དང༌། མཚན་གཞན་ “ཆིང་ལྱི་ཤན” ཏེ་རི་བོ་དྭངས་བསིལ་དུ་ཡང་གྲགས་ལ། རི་བོ་རྩེ་ལྔ་ནི། སྤྱིར་གནས་འདིའི་རྨང་གཞི་མཐའ་སྐོར་ལ་རྒྱ་ནག་ལུགས་ཀྱི་རྒྱང་གྲགས་ལྔ་བརྒྱ་ལྷག་ཙམ་གྱི་རྒྱ་ཁྱོན་དང་བཅས་ལ་དེ་ཡང་ཕྱོགས་གང་ནས་སོང་ཡང་གྱེན་དུ་བགྲོད་དགོས་པས་ས་གཞི་བྱིངས་ལས་འདིའི་རྨང་གཞི་ཆེས་མཐོ་ཞིང་འཕགས་པ་ཞིག་སྣང་ངོ༌། །རྨང་གཞི་དེའི་སྟེང་དུ་རི་བོ་རྣམས་ནི་སྟབས་འབྲེལ་ཞིང་བརྗིད་ཆགས་ལ་ལྷུན་སྡུག་པའི་རྩེ་མོ་ལྔ་གྱེས་པའི་ཚུལ་དུ་ཡོད་ལ། དེ་ཡང་ནུབ་དབུས་བྱང་ཤར་གྱི་རྩེ་མོ་བཞི་ཕྲེད་བསྒྲིགས་དང་ལྷོ་རི་ནི་ཡས་ལོགས་ཀྱི་མདུན་ངོས་སུ་ཅུང་ཟད་རྒྱངས་ཙམ་ན་ཡོད་དོ། །སྔོན་གྱི་དམ་པ་རྣམས་ཀྱི་གསུང་ལས། རྩེ་མོ་ལྔ་ནི་འཇམ་དཔལ་ལོངས་སྐུ་རྣམ་པར་སྣང་མཛད་ཆེན་པོའི་ཕུང་པོ་ལྔ་རྣམ་པར་དག་པ་ཡེ་ཤེས་ལྔའི་རང་མདངས་སྤྲུལ་པའི་སྐུ་རིགས་ལྔའི་རྣམ་པར་ཤར་བ་མཚོན་པར་གསུངས་པ་ལ་དཔག་ན་དབུས་རི་སྐུ་དང༌། ཤར་རི་ཐུགས་དང༌། ལྷོ་རི་ཡོན་ཏན་དང༌། ནུབ་རི་གསུང་དང༌། བྱང་རི་འཕྲིན་ལས་སུ་སྣང་བས་དེ་རྣམས་རིམ་པ་བཞིན་དུ་རྣམ་སྣང་དང༌། མི་བསྐྱོད་པ་དང༌། རིན་ཆེན་འབྱུང་ལྡན་དང༌། འོད་དཔག་མེད་དང༌། དོན་ཡོད་གྲུབ་པའི་རིགས་ཀྱི་སྤྲུལ་པའི་སྐུའི་གནས་སུ་མངོན་ནོ། །དེ་ཡང་ཝེའི་གུར་གྱི་ཝེན་དྷི་རྒྱལ་པོ་གནས་འདིར་རི་དྭགས་བཤོར་དུ་འོངས་པ་ལས་སྤྲུལ་པའི་དགེ་སློང་ཡ་མཚན་ཅན་ཞིག་ཕྱི་བཞིན་དུ་འབྲངས་ཏེ་གནས་གཞི་སློང་བ་ལ། རྒྱལ་པོས་ཇི་ཙམ་འདོད་དྲིས་པས་གདིང་བས་ཅི་ཙམ་ནོན་པའི་ས་འདོད་གསུང་བ་ལ་འཕགས་པ་ཅི་བདེར་བཞེས་ཤིག་ཞུས་པས། སྤྲུལ་པའི་དགེ་སློང་གིས་གདིང་བ་གནམ་དུ་འཕངས་པས་སྤྲིན་བཞིན་དུ་ཆགས་ཏེ་རྒྱང་གྲགས་ལྔ་བརྒྱའི་ཁོ་ར་ཁོར་ཡུག་ཁྱབ་པར་གྱུར་པས་རྒྱལ་པོ་ངོ་མཚར་ཏེ། སྤྲུལ་པའི་དགེ་སློང་དུ་ཤེས་ནས་རྟ་བསྐྱོད་དེ་ཕྱི་བཞིན་སྙེགས་པས་འཕགས་པ་མི་སྣང་བར་གྱུར་ལ་རི་བོ་ཞིག་རྒྱལ་པོའི་རྗེས་སུ་འབྲངས་པས་རྒྱལ་པོ་གདོང་ཕྱིར་ཕྱོགས་ཏེ་རི་བོ་གླེན་པ་ཨང་ཞེས་སྨྲས་པས་རི་བོ་དེར་ཆགས། དེ་ནས་བཟུང་རི་བོ་དེ་ལ་ཧན་ཤན་ཞེས་རི་བླུན་པོར་གྲགས་སོ། །དེས་ན་སྤྲུལ་པའི་གནས་འདིའི་རྒྱ་ཁྱོན་གྱི་ཚད་ནི་དེའི་དུས་སུ་གསལ་བར་གྱུར་སྣང་ངོ༌། །ད་ནི་སོ་སོའི་བཀོད་པ་བཤད་པར་བྱ་སྟེ། དེ་ཡང་༡༼ ལྷོ་རི་ནི ༽མཐོ་ཚད་རྒྱང་གྲགས་སོ་བདུན་རྩེའི་མཐའ་སྐོར་རྒྱང་གྲགས་གཅིག་ཏུ་གནས་ལ་རྩེ་མོ་གཞོང་པ་ཁ་སྦུབ་པའི་ཚུལ་དུ་ཡོད། (ཀྱིན་ཤེའུ་ཕུང) མདོག་བཟང་བཀྲ་བའི་སྤོ་ཞེས་བྱ་ཞིང་མཚན་གཞན་ (ཤྱ་ཧྲ་ཤན) དྲང་སྲོང་མེ་ཏོག་རི་ཞེས་ཀྱང་གྲགས། འདི་ལ་བྱིན་རླབས་ཅན་གྱི་གནས་ཉི་ཤུ་རྩ་གཅིག་ཡོད་པར་གསུང་ལ། (ཕུ་ཤན་ཐ) ཀུན་བཟང་མཆོད་རྟེན་ནི་རིའུ་སྡེབས་སུ་ཡོད། ལྷོ་ (ཀུན་ནན་ཐའི) རི་རྙིང་པ་ནི། རིའི་ལྷོ་ངོས་ཀྱི་རྒྱང་གྲགས་གཉིས་ཙམ་ན་ཡོད་ཅིང༌། སྔོན་གྱི་ཅིང་རྒྱལ་པོའི་དུས་སུ་སྐྱེས་ཆེན་དམ་པ་ཞིག་གིས་ལྷ་ཁང་བསྐྲུན་པར་མཛད། (ཤ་ཋེང) རྡོ་མཁར་ནི། རིའི་ལྷོ་ངོས་རྒྱང་གྲགས་ཉི་ཤུའི་ས་ན་ཡོད་ཅིང་ཕྱོགས་བཞིའི་རི་བ་གམ་གྱི་ཚུལ་དུ་གནས། (ཤི་ཥྱན་ཤེན་གུའི) རྡོའི་རུས་སྦལ་ནི། དྲང་སྲོང་མེ་ཏོག་རིའི་མདུན་ཞོལ་དུ་ཡོད་པའི་རུས་སྦལ་གྱི་དབྱིབས་ཅན་གྱི་སྤྲུལ་པའི་རྡོ་ཞིག་གོ། ཀླུ་དཀར་ (བེ་ལུང་ཋི) པོའི་མཚོ་ནི། རིའི་ཤར་ལྷོའི་མདུན་ཞོལ་ན་ཡོད། (ཆ་ཆྱན་ལིང) མདའ་བཙུགས་སྒང་ནི། རིའི་ཤར་ངོས་ཀྱི་རྒྱང་གྲགས་ཉི་ཤུའི་ས་ན་ཡོད་ལ་སུང་གུར་གྱི་རྒྱལ་པོས་བྱང་ཕྱོགས་སུ་དཔུང་འཇུག་གནང་སྐབས་དེར་སླེབས་ནས་འཕགས་པའི་སྐུ་བརྙན་ཕྱག་བརྒྱད་པ་ཞིག་གཟིགས་པའི་སར་ཕྱག་མདའ་བཙུགས་ནས་མཚན་མ་བྱས་པས་མདའ་བཙུགས་སྒང་དུ་གྲགས། ཚང་ (ཝན་མུ་ཕིང) ཚིང་འཁྲིགས་པ་ནི། རིའི་ལྷོའི་ནུབ་རྒྱང་གྲགས་བཞི་བཅུའི་མཚམས་ན་ཡོད་པའི་ཐང་གུར་གྱི་དུས་སུ་གནས་ཆེན་ངོ་མཚར་ཅན་དུ་གྲགས་པ་ཞིག་ཡིན་པ་དང༌། (ལུང་གུང་ཤེང་དུ) ཀླུའི་ཕོ་བྲང་གི་ཤུལ་ནི། ཕྱི་བསྐོར་གྱི་ (སོ་པོ་ཟི) ཀླུ་མོའི་གླིང་གི་འགྲམ་དུ་ཡོད་ལ་སྔོན་ཀླུ་མོ་ཞིག་ཆོས་ཉན་དུ་འོངས་ནས་ཕྱིར་ལོག་སྟེ་རང་གནས་སུ་སླེབས་པ་ན་གྲུབ་པ་བརྙེས་ཏེ་མཚོ་སྐམ་པའི་ཤུལ་དུ་གྲགས། ལྷའི་ (ཤེང་ཇུང་ཤན) གཎྜིའི་རི་ནི། རིའི་ལྷོ་ངོས་རྒྱང་གྲགས་བརྒྱད་ཅུའི་ས་ན་ཡོད་ཅིང་སྔོན་སྤྲུལ་པའི་གཎྜི་ཞིག་ནམ་མཁའ་ནས་བབས་པ་ལྕགས་ཀྱི་དྲ་མིག་ཏུ་བཏགས་ཏེ་མཆོད་པ་ལ་བར་སྐབས་ཤིག་གཎྜི་དེ་ཉིད་རང་སྒྲ་གྲགས་བཞིན་དུ་འཕུར་ཏེ་སོང་བས་ལྕགས་དྲ་ཤུལ་དུ་ལུས་པ་ད་ལྟའང་ཡོད། འཕགས་ (ཤེང་སེང་ཨའི) ཚོགས་སྡིངས་ནི། མིང་ (ཏི་ཤུའི་ཨའི) གཞན་ཆུ་མིག་སྡིངས་ཡང་ཟེར་ཞིང་རིའི་ལྷོ་ངོས་ཀྱི་རྒྱང་གྲགས་བདུན་ཅུའི་སར་ཡོད་ལ་སྔོན་ཐང་གུར་གྱི་དུས་སུ་སྤྲུལ་པའི་གནས་བརྟན་ཞིག་བཞེངས་བཞིན་དུ་མྱ་ངན་ལས་འདས་པའི་སར་གྲགས། སྔོན་གྱི་འདམ་ (ཀུ་ཅུ་ལིན) བུའི་ཚལ་ནི། རིའི་ལྷོ་ངོས་རྒྱང་གྲགས་སུམ་ཅུའི་ས་ན་ཡོད་ཅིང་ཐང་གུར་གྱི་དུས་སུ་ཧྭོ་ཅུ་ཞེས་པའི་སློབ་དཔོན་ཞིག་གིས་གྲུབ་པ་ཐོབ་པའི་གནས་ཡིན། ལྷོ་བལྟས་རི་ནི་ (ཚེ་ཡང་ལིང) རིའི་ལྷོ་ནུབ་རྒྱང་གྲགས་སུམ་ཅུའི་ས་ན་ཡོད། གྲུབ་ཆེན་སངས་རྒྱས་བསྐྱངས་ཀྱིས་འཕགས་པ་འཇམ་དཔལ་གྱི་ཞལ་གཟིགས་པའི་གནས་ཡིན་ཞིང་འདི་ན་གཙུག་ཏོར་ (ཅིན་ཤེང་ཥྭོད) རྣམ་རྒྱལ་གྱི་མཆོད་རྟེན་ཀྱང་ཡོད་ལ་ཚི་ཡང་ཧུ་ཞེས་པའི་ཆུ་ཀླུང་ཆེན་པོ་ཡང་འདི་ནས་བརྡོལ་བར་སྣང༌། འདུན་ (ཇི་གུད་ཏུང) བཟང་ཕུག་ནི། དྭངས་ (ཆིང་ལྱང་ཤི) བསིལ་རྡོའི་མདུན་ངོས་ན་ཡོད། (ཧྥ་ཧྭོ་ཏུང) པད་དཀར་ཕུགས་ཀྱང་དེ་དང་ཉེ་བ་ན་ཡོད། (ཆི་ཧྥོ་ཏུང) སངས་རྒྱས་བདུན་གྱི་ཕུག་ནི། རིའི་ལྷོའི་ནུབ་རྒྱང་གྲགས་ཉི་ཤུའི་ས་ན་ཡོད་ཅིང་སྔོན་འཕགས་ཡུལ་གྱི་སློབ་དཔོན་བདུན་འདིར་བྱོན་ནས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཡེ་མ་བཞེངས་པས་ཕྱིས་དེར་སངས་རྒྱས་བདུན་གྱི་སྐུ་བཞེངས་པར་གྲགས། (ཆིྱན་ཧོཕའི་ཏུང) སངས་རྒྱས་སྟོང་གི་ཕུག་ནི། རིའི་བྱང་ཤར་གྱི་ལོགས་ན་ཡོད། སྔོན་གྱ་ཇིང་གི་དུས་སུ་དའུ་ཧཕང་ཞེས་པའི་བཙུན་པ་ཞིག་གནས་མཇལ་དུ་འོངས་ནས་འདིར་སླེབས་པ་ན་སྤྲུལ་པའི་སྒྲོན་མེ་འབུམ་བརྒལ་བ་མཐོང་ཞིང་སྒྲོན་མེ་དེ་དག་བྲག་ཕུག་ཏུ་ཞུགས་པའི་རྗེས་སུ་རང་ཉིད་ཀྱང་ཞུགས་པས་ཕུག་པའི་ནང་ཐམས་ཅད་རྒྱལ་བའི་སྐུ་བརྙན་གྱིས་གང་བ་སྣང་ཞིང༌། ཡང་ཕུག་ནང་དུ་ཆུ་ཀླུང་ཆེན་པོ་འཁྲུག་པའི་སྒྲ་ཐོས་པས་སྐྲག་སྟེ་ཐུགས་རྗེ་ཆེན་པོའི་མཚན་ནས་བརྗོད་ཅིང་སངས་རྒྱས་ཀྱི་སྐུ་བརྙན་འགྲུབ་པར་ཁས་བླངས་པས་གློ་བུར་དུ་སྤྲུལ་པའི་སྒྲོན་མེ་གཅིག་བྱུང་བས་སྣ་དྲངས་ཏེ་ཕུག་པ་ནས་ཐོན། དེ་ཕྲལ་དུ་ཕུག་པ་དེར་སངས་རྒྱས་སྟོང་གི་སྐུ་བཞེངས་པར་བྱས་སོ། ། (ཀིན་ཀོ་ལིང) གསེར་གྱི་བ་གམ་རི་ནི། རིའི་ནུབ་བྱང་མཚམས་སུ་ཡོད། སྔོན་དད་པ་བརྟན་པའི་བློན་པོ་ཞིག་ནམ་མཁའི་ངོས་སུ་གཞལ་ཡས་ཁང་ངོ་མཚར་ཅན་མཐོང་བ་ལ་དཔེ་བླངས་ནས་ལྷ་ཁང་བཞེངས་པའི་ས་ཡིན། དེ་དང་ཉེ་བ་ན་གསེར་གྱི་གཞོང་པ་ཁ་གྱེན་དུ་བསྟན་པ་ལྟ་བུའི་ཅེྱན་ཕེན་གུགསེར་སྡེར་གཤོང་དུ་གྲགས་པ་ཡོད། དེ་དང་འདབ་ཆགས་པ་ན་སྦྲུལ་ཤོང་ཞེས་པ་ཞིག་ཀྱང་ཡོད། དེའི་ཤར་ངོས་ན་དུང་ (ཧའི་ལོ་ཋེང) མཁར་ཟེར་བ་ཞིག་ཡོད་དེ་སྔོན་མི་ཞིག་གིས་སྤྲུལ་པའི་ཕོ་བྲང་དང་རྒྱ་མཚོ་འཁྲུགས་པའི་རྦ་རླབས་དུང་གི་དབྱིབས་སུ་ཡོད་པ་མཐོང་བའི་གནས་ཡིན་པར་གྲགས་སོ། །༢༼ ཤར་རི ༽ནི་མཐོ་ཚད་སོ་བརྒྱད་དང་རྩེའི་མཐའ་སྐོར་རྒྱང་གྲགས་གསུམ་ཡོད་ལ་རྩེ་མོ་གསེར་ཉའི་རྒྱབ་ཀྱི་རྣམ་པར་གནས། རིའི་རྩེ་མོ་ནས་བལྟས་པའི་ཚེ་མེ་ལོང་ཕྱིས་པ་ལྟ་བུའི་ཤར་གྱི་རྒྱ་མཚོ་རྒྱང་རིང་པོ་ན་མཐོང་བས་རྒྱ་ (ཝང་ཧའི་ཧྥུན) མཚོ་མཐོང་བའི་སྤོ་ཞེས་མཚན་དུ་གྲགས། རི་འདི་ལ་བྱིན་རླབས་ཅན་གྱི་གནས་བཅུ་བཞི་ཡོད་ལ། (ནོ་ལོ་ཡན་ཁུ) སྲེད་མེད་ཀྱི་བུ་ཕུག་ནི། རིའི་ཤར་ངོས་ན་ཡོད་ཅིང་ཕུག་པ་འདི་ནང་གི་རླུང་རེག་བྱ་རྩུབ་ཅིང་གྲང་ངར་ཆེ་བས་དབྱར་གཞུང་ལའང་ཆབ་རོམ་མི་འཇུ་བར་སྣང་ཞིང་སྤྲུལ་པའི་ཀླུ་ཚོགས་འདུ་བའི་བྱང་ཆུབ་སེམས་དཔའི་གནས་སུ་གསུང་ལ་ཕལ་ཆེར་གསང་བའི་བདག་པོ་དང་རྗེ་བཙུན་འགྲོ་བ་མཛད་པའི་གནས་སུ་མངོན་ནོ། །ཚགས་ (ལི་ཙི་ཐ) ཞྭའི་མཆོད་རྟེན་ནི། རིའི་རྩེ་མོར་ཡོད་ལ་སུང་གུར་གྱི་མདུན་ན་འདོན་ཞིག་དང༌། ཆི་ཧྭ་ཏཱ་ཤི་ཟེར་བའི་སློབ་དཔོན་ཆེན་པོ་གཉིས་ཀྱི་མཐོང་སྣང་ལ་ཚགས་ཞྭ་གྱོན་པའི་བཙུན་པ་མི་རིགས་མི་འདྲ་བ་ཞིག་གང་ནས་ཆ་མེད་པར་འདིར་སླེབས་ནས་ཚགས་ཞྭ་བོར་ཏེ་སྲེད་མེད་ཀྱི་བུའི་ཕུག་པར་ཐལ་གྱིས་ཞུགས་པ་མཐོང་བས་རྗེ་བཙུན་གྱི་སྤྲུལ་པར་ཤེས། ཚགས་ཞྭ་བླངས་ཏེ་ནང་གཞུག་ལ་བཅུག་པའི་མཆོན་རྟེན་བརྩེགས་པར་བཤད་དོ། །སྤྱན་ (ཀྭན་ཡིན་ཕིང) རས་གཟིགས་ཀྱི་བཞུགས་ཁྲི་ནི། རིའི་རྒྱབ་ལོགས་སུ་རྒྱང་གྲགས་གཅིག་གི་ས་ན་ཡོད་ཅིང་རྒྱུ་མཚན་ཞིབ་པར་མ་བཤད་ཀྱང་སྤྱན་རས་གཟིགས་དང་རྗེ་བཙུན་བགྲོ་བ་མཛད་པའི་གནས་སུ་མངོན་ནོ། ། (ཧྥ་ཡན་གུ) སྡོང་པོ་བཀོད་པའི་སྤུགས་ནི། རིའི་ནུབ་བྱང་མཚམས་ན་ཡོད། (ཅོའུ་ལིན) འབྲས་བུའི་ཚལ་ནི། རིའི་བྱང་ཤར་ལོགས་སུ་ཡོད། ཝེའི་གུར་ཕྱི་མའི་དུས་ཀྱི་མདུན་ན་འདོན་གྱི་ནང་མི་ཞིག་གིས་ཤ་བ་དཀར་པོ་ཞིག་མཐོང་བ་བདས་ཏེ་འདིར་སླེབས་པ་ན་ཨག་ཚོམ་དཀར་པོ་ཅན་གྱི་རྒན་པོ་མཁར་བ་བརྟེན་པ་ཞིག་ཁང་བཟང་གི་སྒོ་འགྲམ་ན་འགྲེང་བཞིན་པས། ཁྱོད་ཀྱིས་ཤིང་ཐོག་ཞིག་ཟོ་དང་འགྲངས་པར་འགྱུར་རོ་ཞེས་གདམས་པའི་སྣང་བ་བྱུང༌། སླར་བཙལ་བས་རྒན་པོ་ཁང་བཟང་ཤ་བ་དང་བཅས་པ་མི་སྣང་བར་འབྱུང་བའི་གནས་སུ་གྲགས། ཡང་རིའི་བྱང་ཕྱོགས་སུ་ (ཨ་ཝང་ཋེང) རྒྱལ་པོ་ལྔའི་མཁར་ཞེས་པ་གཅིག་ཀྱང་ཡོད། དེ་དང་འདབ་ཆགས་པ་ན་ལྷའི་ (ཐྱིན་ཋེང) མཁར་ཞེས་པ་བར་སྣང་སྤྲིན་གྱི་གསེབ་ཏུ་ལྷའི་གཞལ་ཡས་ཁང་གི་རྣམ་པ་མཐོང་མ་ཐག་ཏུ་འཇིག་རྟེན་གྱི་འཁྲུལ་སྣང་ཟད་པར་གྱུར་པ་སྔོན་གྱི་དད་ལྡན་མང་པོ་ལ་ལན་དུ་མར་བྱུང་བའི་གནས་ཡོད། རིའི་ཤར་ངོས་ན་ཚོགས་ (ཏཱ་ཧོའུ་ཀུ) ཆེན་པོའི་སྦུགས་ཞེས་པ་ཞིག་ཡོད་དེ། ཆུ་ཕྲན་མང་པོ་འདུ་ཞིང་ཧོ་ཐོ་ཞེས་པའི་ཆུ་ཀླུང་ཆེན་པོ་ཡང་འདི་ནས་བྱུང་བར་བཤད། རིའི་ཤར་ལྷོའི་ངོས་ན་རྒྱང་གྲགས་ཉི་ཤུ་ཙམ་ན་མེ་ (ཧྭལིན) ཏོག་གི་ཚལ་ཞེས་པ་སྔོན་སྡོང་པོ་བཀོད་པའི་གནས་སུ་གྲགས་པ་ཡོད། ཡང་རིའི་ཤར་ལྷོའི་མཚམས་ཀྱི་རྒྱང་གྲགས་བདུན་ཅུ་ན་སྤྲུལ་པའི་ཆུ་ (ལིན་ཆུན) ཚན་ཞིག་དང༌། རྒྱང་གྲགས་དྲུག་ཅུ་ན་ (མྡབོཅཆོྭན) རྟས་བྲུས་པའི་ཆུ་མིག་ཅེས་པ་དང༌། (ལུང་ཆྭོན) སྒངའབྲུག་མཚོའི་སྒང་ཞེས་པ་དང༌། རྒྱང་གྲགས་ལྔ་ (ཧྭ་ཡན་གུ) བཅུའི་ས་ན་སྔོན་གྱི (གིལུལུ་ལིང) ལམ་སྒང་ཞེས་པ་དང༌། ལྷོ་ཕྱོགས་ཀྱི་རྒྱང་གྲགས་ལྔའི་ས་ན་ལྕགས་ (ཐྱཕུ) ཀྱི་ཚང་ཞེས་པ་རྣམས་ཡོད། (ཆི་ཥྱན་ཀུ) ཀུ་སུ་ལུའི་དབེན་གནས་ནི། རིའི་ལྷོ་ནུབ་མཚམས་ཀྱི་སུལ་ན་ཡོད། (ཏེ་ཚད) ཡོན་ཏན་མཛོད་ཞེས་པའི་བརྟུལ་ཞུགས་ཅན་ཞིག་གིས་གྲུབ་པ་ཐོབ་པའི་གནས་ཡིན། དེ་དང་ཉེ་བ་ན་སྤྱན་ (ཀྭོན་ཡིན་ཏུང) རས་གཟིགས་ཀྱི་ཕུག་ཞེས་བྱ་བ་ཡོད་དེ་ནང་དུ་ཆུ་མིག་ཅིག་ཡོད་པ་དེའི་རོ་གཞན་ལས་ཆེས་ཁྱད་པར་དུ་འཕགས་པར་བཤད། སྤྲུལ་ (ཧྭོ་ཇུ་ལིན) པའི་སྨིག་ཚལ་ནི། རིའི་ལྷོ་ནུབ་མཚམས་ཀྱི་ཞོལ་རྒྱང་གྲགས་ཉི་ཤུའི་ས་ན་ཡོད། སྔོན་གྱི་དད་ལྡན་རྣམས་ཀྱིས་སྤྲུལ་ (ཧྭོ་ཇུ་ལིན) པའི་སྨིག་ཚལ་སྟུག་པ་མཐོང་བས་རྩར་ཕྱིན་པ་ན་མི་སྣང་བར་གྱུར་པ་ཡང་ཡང་བྱུང་བས་གནས་དེར་ལྷ་ཁང་བཞེངས་སྐད། དེ་དང་ཉེ་བ་ན་ (ཆིང་ཕུང) མུ་མེན་རི་ཡོད་དེ་ད་ལྟ་ (ཏྷ་ལོ་ཏིང) སྟེ་དུང་དཀར་གྱི་ཏོག་ཏུ་གྲགས་པ་འདིར་བསམ་གཏན་པ་མི་སྨྲ་བའི་བརྟུལ་ཞུགས་ཅན་ཡེ་མི་ཉལ་བར་འགྲེང་བཞིན་དུ་བསམ་གཏན་བསྒོམ་པ་ཞིག་བྱུང་ད་ལྟ་རང་ཅག་ཆིང་གུར་གྱི་ཤེང་ཙུ་རྒྱལ་པོ་ཐུགས་རྗེ་ཅན་གྱིས་འཇམ་དཔལ་རིགས་ལྔའི་ལྷ་ཁང་བཞེངས་ཏེ་བཀོད་པ་མཛེས་པར་མཛད་པས་འདི་ནས་དད་ལྡན་གྱི་སྐྱེ་བོ་རྣམས་ཀྱིས་སྤྲུལ་པའི་སྒྲོན་མེ་མང་དུ་མཇལ་བར་སྣང་ངོ༌། །འདིའི་མདུན་ན་ཞལ་ (ཥྱན་ཤེན་ཐའི) གཟིགས་བ་གམ་ཞེས་པ་ཞིག་ཡོད་དེ། སྔོན་ཐང་གུར་གྱི་ཀྭན་ཀོ་ཤི་ཞེས་པའི་འཕགས་པའི་གནས་བརྟན་ཞིག་བར་སྣང་ལ་བྲག་རིའི་སྟེང་དུ་རྗེ་བཙུན་འཇམ་དཔལ་དབྱངས་བྱང་ཆུབ་སེམས་དཔའ་ཁྲི་ཕྲག་བཞུགས་པ་ལ་འཇའ་འོད་སྣ་ལྔའི་གུར་ཁྱིམ་གྱིས་བསྐོར་བ་གཟིགས་པའི་གནས་ཡིན་ལ། འདིའི་ནོར་ (ཤན་ཚྱའི་ཏུང) བཟང་ཕུག་ནི། གཞོན་ནུ་ནོར་བཟང་དང་འཕགས་པ་འཇམ་དཔལ་བགྲོ་བ་མཛད་པའི་གནས་སུ་མངོན། སྔོན་གྱི་ལྷ་ཁང་ཞིག་རལ་དུ་གྱུར་པ་ད་ལྟ་ (ལྕང་སྐྱ་རོལ་པའི་རྡོ་རྗེ) ཁོ་བོས་ཉམས་གསོས་བྱས་པ་ལགས་སོ། །ཟླ་ (མིང་ཡྭེ་ཋི) བ་གསལ་བའི་རྫིང་བུ་ནི། རིའི་ལྷོ་ནུབ་མཚམས་སུ་ཡོད་ལ་དད་ལྡན་རྣམས་ཀྱིས་རྫིང་བུ་འདིའི་ནང་དུ་གནམ་སྟོང་གི་མཚན་མོ་ཟླ་བའི་གཟུགས་བརྙན་གསལ་བ་མཐོང་བ་མང་དུ་འབྱུང་འདུག འདིའི་ལྷོ་ཕྱོགས་རྒྱང་གྲགས་ཉི་ཤུ་ན་རྡོའི་སྐུའི་ (ཤི་ཕོ་ལིང) རི་ཞེས་བྱ་བའི་གནས་བྱིན་ཅན་ཞིག་ཡོད་དེ། ཆུ་ (མན་ཁུང་ཤི) བརྡོལ་རྡོ་ནི། རི་རྩེར་ཡོད་ལ་དབྱར་གྱི་དུས་སུ་ཆུ་བརྡོལ་བ་ལ་དད་ལྡན་རྣམས་ཀྱིས་ངོ་མཚར་ཅན་དུ་གོ་ནས་སྤྱིལ་བུ་བྱས་སོ། །གཞན་ཡང་དཀྱིལ་ (ཙི་ཕུ) འཁོར་མཆིན་ཁ་ཞེས་པ་རི་ལྔའི་སྤྱི་མིང་ཡིན་ཀྱང་ཤར་རིའི་སྒོས་མིང་དུ་བཏགས་པ་དང༌། གཟི་ (ཧྭོ་ཝེའི་ལིང) བརྗིད་སྒང་ཞེས་སྔོན་སུང་གུར་གྱི་མདུན་ན་འདོན་ (ཊ་ད་ཤེང་ཡིང) མཆོག་ཏུ་དཔའ་བ་ཞེས་པས་རྗེ་བཙུན་གྱི་སྤྲུལ་བའི་འོད་ཟེར་འབུམ་ཕྲག་མང་པོ་མཐོང་བ་ལས་མིང་དེ་ལྟར་བཏགས་པ་ཡང་ཤར་རི་ཉིད་ཡིན་ནོ། །དཀར་ཆག་རྙིང་པར་རང་བྱོན་རྡོ་ (ཀྲན་ལའི་ཤི) ཞེས་པ་ཞིག་ཡོད་པར་བཤད་ཀྱང་གང་ན་ཡོད་དང་ལོ་རྒྱུས་གསལ་བར་མི་སྣང་ངོ༌། །༣༼ ནུབ་རི ༽ནི་མཐོ་ཚད་རྒྱང་གྲགས་སུམ་ཅུ་སོ་ལྔ་རྩེ་མོ་མཉམ་ཞིང་རྩེའི་མཐའ་སྐོར་ལ་རྒྱང་གྲགས་གཉིས་ཡོད་མཚན་ལ་ཟླ་བའི་ཐོད་ཅན་གྱི་སྤོ་ (ཀྭ་ཡྭེའི་ཧྥུང) ཞེས་གྲགས། རྩེ་ན་ཆུ་མིག་ཡོད་ཅིང་འདི་ལ་བྱིན་རླབས་ཅན་གྱི་གནས་བཅུ་བདུན་ཡོད་པར་བཤད། རིའི་བྱང་ལོགས་སུ་ (པཱ་གུད་ཏེ་ཤུའི) ཡན་ལག་བརྒྱད་ལྡན་གྱི་ཆུ་མིག་ཅེས་བྱ་བ་རོ་ནུས་ཁྱད་པར་དུ་འཕགས་པ་བྱིན་རླབས་ཅན་ཞིག་ཡོད། སྤྲུལ་པའི་མི་ (འེལ་ཤེང་ཏུའི་ཐན་ཤི) གཉིས་བགྲོ་བ་མཛད་པའི་རྡོ་བསྟན་ནི། སྔོན་ཐང་གུར་གྱི་ཧྥ་ལིན་ཞེས་པའི་དད་ལྡན་ཞིག་གིས་དྲང་སྲོང་རྒན་པོ་གོས་དཀར་དང་གོས་ནག་གྱོན་པ་གཉིས་རྡོ་དེའི་སྟེང་དུ་ལྷན་ཅིག་གསུང་གླེང་མཛད་པ་མཐོང་བས་དྲུང་དུ་རྒྱུག་པར་མི་སྣང་བར་གྱུར་ཞེས་གྲགས། དེའི་དྲུང་ན་འཇམ་དཔལ་གྱི་ཆིབས་པ་ (ཤི་ཙི་ཅུང) སེང་གེའི་ཞབས་རྗེས་ཅན་གྱི་རྡོ་ཡོད། རིའི་ཤར་ངོས་ན་གླང་ (ནིའུ་སིན་གི) པོའི་མཆིན་པ་ལྟ་བུའི་རྡོ་བྱིན་ཅན་ཞིག་ཡོད། རིའི་བྱང་ཤར་གྱི་མཚམས་ན་ (ཝེན་ཤུ་སི་པོ་ཋི) འཇམ་དཔལ་གྱི་ལྷུང་བཟེད་བཀྲུས་པའི་རྫིང་བུ་ཡོད་དེ། བགྲེས་མོ་སྐྲ་དཀར་ཞིག་གིས་རྫིང་བུ་དེར་ལྷུང་བཟེད་བཀྲུས་པ་མིང་པིན་ཞེས་པའི་བཙུན་པ་ཞིག་གིས་མཐོང་སྟེ་ཁྱོད་གང་ནས་འོངས་ཞེས་དྲིས་པར། བགྲེས་མོ་ན་རེ། དབུས་རི་ནས་ཟན་སློང་དུ་འོངས་ཞེས་སྨྲ་མ་ཐག་མི་སྣང་བར་གྱུར་པས་ཚལ་དང་རི་སུལ་ཐམས་ཅད་འོད་ཀྱིས་ཁྱབ་པར་གྱུར་ཞེས་གྲགས། རིའི་བྱང་ཤར་གྱི་མཚམས་ན་སྔོན་སྤྲུལ་པའི་དྲང་སྲོང་ཞིག་འདམ་རྫབ་ཀྱིས་འཚོ་ཞིང་དཀའ་ཐུབ་ཡུན་རིང་མཛད་པའི་གནས་དྲང་སྲོང་ (ཉི་ཇའི་ཧྭ་ཤང་ཕི་ཏིང་ཋུ) འདམ་ཟས་ཅན་གྱི་དབེན་གནས་སུ་གྲགས། རིའི་ནུབ་བྱང་མཚམས་ན་ (ནྱོའོ་མེན) བྱ་སྒོ་དང༌། ནུབ་ཀྱི་ཞོལ་ན་ (ལུང་ཁུ) ཀླུ་ཕུག་དང༌། ལྷོ་ནུབ་ཀྱི་མཚམས་ན་ (ཤི་མེན) རྡོའི་སྒོ་དང༌། ནུབ་བྱང་གི་མཚམས་ན་གླང་ (ལི་ནིའུ་ཀུ) གི་གཤོང་དང༌། ཡང་ནུབ་བྱང་གི་མཚམས་ན་བསམ་གཏན་སྦུགས་ཆན་ཐང་གེའུདང༌། ནུབ་ཀྱི་རྒྱང་གྲགས་ལྔ་བཅུའི་ས་ན་མཐོན་པོའི་སྡིངས་ (ཡེ་གུ) ཞེས་པ་རྣམས་ཡོད་དེ། དེ་དག་ཀྱང་སྐལ་ལྡན་གྱི་སྐྱེ་བོ་མང་པོ་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་དང་གསུང་གི་སྣང་བ་སྩལ་བ་དང༌། རྫུ་འཕྲུལ་གྱི་བཀོད་པ་ངོ་མཚར་བསྟན་པའི་གནས་ཤ་སྟག་གོ། བདུད་སྦས་པའི་རྫ་རི་ (བཱི་མོ་ཡན) ནི། རིའི་ནུབ་ངོས་རྒྱང་གྲགས་བཞི་བཅུ་ན་ཡོད་ལ་སྔོན་བདུད་མོ་ཆོས་བྱེད་པ་ལ་བར་ཆད་རྩོམ་པ་ཞིག་ཡོད་པ་རྗེ་བཙུན་གྱིས་འདིར་བསྐྲད་ནས་རྫ་རི་ཆེན་པོའི་འོག་ཏུ་མནན། རྫ་རི་དེ་རྗེ་བཙུན་གྱི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པར་གྲགས། སྔོན་རྗེ་བཙུན་གྱི་སྤྲུལ་པ་བརྟུལ་ཞུགས་སྤྱོད་པའི་གནས་བརྟན་མུ་ཆ་ཞེས་པ་ཞིག་ཀྱང་འདིར་བཞུགས། གནས་འདི་ན་ཀླུ་ཕུག་ཅེས་པ་ཞིག་ཡོད་པ་དེར་དད་ལྡན་རྣམས་ཀྱིས་གསོལ་བ་བཏབ་ན་མཐོང་སྣང་རྣམ་པ་སྣ་ཚོགས་འཆར་བར་བཤད། དེའི་ནུབ་ལོགས་ན་ (ས་ཏྭ་ལའི) སེམས་དཔའི་བྲག་ཅེས་པ་ཞིག་ཡོད་དེ། སྔོན་ཇིན་གུར་གྱི་དུས་སུ་ཏའི་ཇེའུ་ཞེས་པའི་ས་ཆར་ཝང་ཤི་ཟེར་བའི་བུ་མོ་ཞིག་མནའ་བར་འགྲོ་མ་འདོད་པས་བྲོས་ཏེ། འདིར་འོངས་ནས་ཁུར་ཚོད་ཟ་ཞིང༌། བསིལ་བ་བཏུང་ནས་སྡོད་པ་ཕ་མས་རྙེད་ནས་ཁྱེར་གྲབས་བྱས་པས། བུ་མོ་དེ་བྲག་འདིའི་སྟེང་ནས་མཆོངས་པ་སར་མ་ལྷུང་ཞིང་ནམ་མཁར་འཕུར་ཏེ་སོང་བར་གྲགས། དབུས་རི་དང་ནུབ་རི་གཉིས་ཀྱི་བར་ན་ (ཥྱར་ཤན) སྤོས་ཀྱི་རི་ཞེས་བྱ་བ་ཞིག་ཡོད། ༤༼ བྱང་རི ༽ནི་མཐོ་ཚད་རྒྱང་གྲགས་བཞི་བཅུ། རྩེ་མོ་མཉམ་ཞིང་རྩེའི་མཐའ་སྐོར་ལ་རྒྱང་གྲགས་བཞི་ཡོད་ལ་མཚན་ལ་ (ཐྱེའེ་རྒྱེའུ་ཧཕུང) སྐར་མའི་གཙུག་ལྡན་སྤོ་ཞེས་གྲགས། རི་འདི་ལ་རྗེ་བཙུན་གྱི་བཀའ་སྡོད་ཀླུ་རྒྱལ་འཁོར་བཅས་ཀྱི་བཞུགས་གནས་ཡོད་པས་རྟག་ཏུ་སྤྲིན་དང་ན་བུན་འཁྲིགས་པར་བཤད་ཅིང༌། རི་རྩེ་ནས་ཤར་དུ་རྒྱ་མཚོ་ཆེན་པོ་དང༌། བྱང་དུ་ཆེན་པོ་ཧོར་གྱི་ཡུལ་གྲུ་རྣམས་མཐོང༌། འདི་ལ་བྱིན་རླབས་ཅན་གྱི་གནས་ཉི་ཤུ་རྩ་བདུན་ཡོད། ཀླུ་ (ཥེ་ལུང་ཋི) བཙན་ནག་པོའི་རྫིང་བུ་ལ། གསེར་གྱི་ (ཀིན་ཇི་ཋི) ཁྲོན་པར་ཡང་གྲགས་པ་ནི། ལྷ་ཀླུ་སྡེ་བརྒྱད་ཀྱི་ཕོ་བྲང་ཡིན་ཞིང་ཆར་འབེབས་སོགས་ཀྱི་ལས་ལ་ཤིན་ཏུ་མྱུར། འཇམ་དཔལ་གྱི་ཆོས་ཁྲི་ནི། རིའི་ཤར་ངོས་སུ་ཡོད་ཅིང་གནས་མཇལ་དུ་འོངས་པའི་དད་ལྡན་དུ་མས་གཎྜིའི་སྒྲ་དང་འཕགས་པའི་དགེ་འདུན་ཚོགས་པས་ཆོས་ཀྱི་དབྱངས་སྒྲོགས་པའི་སྒྲ་རྟག་པར་ཐོས་པ་ཞིག་ཡོད། (དྷང་ཡེན་ཧྥུ) བརྟུལ་ཞུགས་ཡོད་པའི་མཆོད་རྟེན་ནི། སྔོན་ཐང་གུར་དུས་སུ། ལྷོ་ཕྱོགས་ཕུ་ཀྱིན་གྱི་སར་འཁྲུངས་པའི་དྷེ་ཡེན་ཞེས་པའི་བཙུན་པ་རྟོགས་པ་མཐོ་ཞིང༌། རྫུ་འཕྲུལ་དང་ལྡན་པ་ཞིག་བྱུང་བ་དེ་མཁར་སིལ་ནམ་མཁའ་ལ་འཇོག་པ་སོགས་ཀྱི་རྫུ་འཕྲུལ་བསྟན་ནས། ཡུལ་གྱི་དམག་འཁྲུགས་ཞི་བར་བྱས་ཏེ། བྱང་རི་འདིར་ཕེབས་ནས། སྤྱིའུ་ཚུགས་སུ་བཞེངས་ནས་འདའ་ཚུལ་བསྟན་པར་སྲིང་མོས་མཆོད་རྟེན་འདི་བཞེངས་པ་ཡིན་འདུག སྡིག་ཅན་གསོན་ (ཤེང་ཥྱང་ཡུའི) པར་དམྱལ་བར་ལྷུང་བ་ཐར་པའི་གནས་ནི། རིའི་བྱང་གི་ཞོལ་ན་སུའི་གུར་གྱི་དུས་སུ་ (ཊ་ད་ཨའི) ཞེས་པའི་ཁྱིམ་པ་ཞིག་གིས་ཀླུ་རྫིང་གི་དོང་ཙེ་ (དངུལ) བརྐུས་ནས་བྲོས་པར་ཆས་པ་ན་གློ་བུར་དུ་རླུང་ནག་འཚུབ་མས་བདས་ཏེ་དེར་ལྷུང་བ་ན་སྟེང་ནས་གད་པས་མནན། འོག་གཅོང་རོང་ཟབ་མོ་དང་བཅས་པའི་འཁྱགས་རོམ་དུ་ཚུད་ཅིང་སྤྲིན་ནག་གི་མུན་པ་གཏིབས་པས་མཚན་རངས་པོར་སྨྲེ་སྔགས་འདོན་ཅིང་རྗེ་བཙུན་གྱི་མཚན་ནས་བརྗོད་ཅིང་གསོལ་བ་བཏབ་པས་སྐབས་ཞིག་ན་སྤྲིན་གྱི་མཐོང་ཕྱེ་ནས་རི་བོང་དཀར་པོ་ཞིག་གིས་ལམ་སྣ་དྲངས་ནས་ཐར་བར་མཛད་ཅེས་འབྱུང༌། གནས་ (ལོ་ཧན་ཐའི) བརྟན་གྱི་ཁྲི་ནི། རིའི་ཤར་ངོས་ན་ཡོད་ཅིང་ཐང་གུར་གྱི་དུས་སུ་གནས་བརྟན་བཅུ་དྲུག་འདིར་འདུས་ནས་རྫུ་འཕྲུལ་གྱིས་བྱོན་པར་གྲགས། དེའི་ཤར་ལྷོ་བྱང་རི་ཤར་རི་གཉིས་ཀྱི་བར་ན་སྡོང་ (ཧྲ་ཡན་ལིང) པོ་བཀོད་པའི་ལ་ཞེས་པ་དང༌། རིའི་ཤར་ལྷོ་ངོས་ཀྱི་རྒྱང་གྲགས་ཉི་ཤུ་ཙམ་ན་བ་གམ་ལྟ་བུའི་སྡིངས། ཞེས་པ་ཡོད། རྡོ་རྗེའི་ཕུག་ནི། (ཀྱན་ཀང་ཞུ) བ་གམ་ལྟ་བུའི་སྡིངས་ཀྱི་ཤར་ངོས་ཀྱི་རིའི་སྡིངས་ན་ཡོད། སངས་རྒྱས་སྲས་དང་བཅས་པའི་གསང་བའི་དཀྱིལ་འཁོར་ཡིན་ལ། སྔོན་གྱི་ཡིག་རྙིང་དུ། རྒྱལ་བ་རྣམས་ལ་མཆོད་པའི་ཡོ་བྱད་ལེའུ་ཀྭན་ཀུ་འཇིག་རྟེན་གསུམ་ན་གནས་པའི་གྲུབ་པའོ་རྫས་རྣམས་མ་ཚང་བ་མེད་པར་གཏེར་དུ་བཞུགས་པ་དང༌། སངས་རྒྱས་འོད་སྲུང་གི་དུས་སུ་ལངྐའི་ཡུལ་གྱི་སྲིན་པོའི་རྒྱལ་པོས་རོལ་མོའི་ཆ་བྱད་དང༌། གསེར་དངུལ་གྱི་གླེགས་བུ་ལ་བྲིས་པའི་སྡེ་སྣོད་གསུམ་སོགས་མདོ་རྒྱུད་ཀྱི་གླེགས་བམ་དུ་མ་སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་སུ་གྲུབ་པའི་སྐྱེ་བོ་རྣམས་ཀྱིས་འདིར་གཏེར་དུ་བཅུག་པར་བཤད་ལ། གྲུབ་ཐོབ་ཆེན་པོ་སངས་རྒྱས་བསྐྱངས་ཀྱང་ཕུག་པ་འདིར་བཞུགས་ནས་རིག་འཛིན་བརྙེས་ཏེ་ཐུན་མོང་གི་སྣང་ངོར་ཕྱིར་མ་འཐོན་པར་བཤད་དོ། །དེ་དང་ཉེ་བ་ན་འོ་ (པེ་ཤུའི་ཋི) མའི་རྫིང་བུ་ཡོད་དེ། དད་ལྡན་རྣམས་ཀྱིས་མིག་འཁྲུད་པ་སོགས་བྱས་ན་ཕན་པར་བཤད་དོ། །ཨུ་ལང་ཞེས་པའི་སློབ་དཔོན་གྱི་བསྟི་གནས་ནི། བ་གམ་ལྟ་བུའི་སྡིངས་ཀྱི་ནུབ་ཕྱོགས་ན་ཡོད་ལ་སྔོན་སུང་གུར་གྱི་ཡང་ཡེའི་སྲས་ལྔ་པ་རབ་ཏུ་བྱུང་བའི་གནས་སོ། ། (ཡུའི་ཆྭན) ཡང་ཊིའི་ཆུ་མིག་ནི། ཨུ་ཅོ་ཞེས་པའི་དད་ལྡན་གྱིས་རྗེ་བཙུན་གྱི་སྤྲུལ་པའི་ཁྱེའུས་གླང་ལ་ཆུ་ལྡུད་པའི་ས་ཡིན་ནོ། ། མཉེན་ལྡེམ་ (ཙེ་ཥྱ་གུ) གཤོང་ནི་ད་ལྟ་ (བེའི་བྲའི་ཀེའུ) བྱང་རི་སྦུགས་སུ་གྲགས་པ་སྟེ་གནས་ཆེན་འདི་སྦས་ལུང་བཟང་པོ་ཞིག་ཡིན་ལ་བསམ་གཏན་པ་རྣམས་ཏིང་ངེ་འཛིན་ལ་རོལ་པའི་གནས་སོ། །ཀླུ་སྒོ་ (ལུང་མེན) ནི། རིའི་མདུན་ཞོལ་ན་ཡོད་འདིའི་མདུན་ན་སྤྲིན་ (ལིའུ་ཡུན་ཤི) འབྱུང་བའི་རྡོ་དང༌། རྒྱབ་ན་སྤྲིན་ (ཙང་ཡུན་ཀུ) གྱི་ཕུགས་བྱ་བ་ཡོད་ཅིང་འདི་ལས་སྤྲིན་འབྱུང་ན་ཆར་པ་འབེབས་པར་སྣང༌། སྔོན་གནས (ཁོ་ཞུན་མན) མཐུན་ཞེས་པའི་དམ་པ་ཞིག་གིས་རང་གི་ལྕེ་ལས་བཏོན་པའི་ཁྲག་གིས་མདོ་སྡེ་ཕལ་མོ་ཆེ་བཞེངས་པའི་གནས་ཀྱང་འདི་ཡིན་པར་སྣང༌། དེ་དང་འདབ་ཆགས་པ་ན་ཆུ་མིག (ཀིན་ཤ་ཆྱན) གསེར་བྱེ་ཅན་བྱ་བ་དང༌། རིའི་བྱང་གི་ཞོལ་ན་ (ཤྱན་ཞིན་ཨན) དྲང་སྲོང་གི་བསྟི་གནས་བྱ་བ་ཡོད། རིའི་བྱང་ཕྱོགས་རྒྱང་གྲགས་བདུན་གྱི་མཐའ་ན་ལྷ་མོ་དགུའི་ཁྲུས་ (ཀྱིའུ་ནའུའི་ཆྱན) རྫིང་བུ་བྱང་བ་ཡོད་དེ། སྔོན་གྱི་དུས་སུ་སྤྲུལ་པའི་ལྷ་མོ་དགུ་འདིར་ཡང་ཡང་འབབས་ཏེ་བརྐྱང་ཞིང་ཁྲུས་བྱེད་པ་ཀུན་གྱིས་མཐོང་བར་སྣང༌། རིའི་ནུབ་བྱང་ཕྱོགས་ན་དགེ་སློང་ལྔ་བརྒྱའི་སྦས་ (ཚང་ཇེད་གུ) ལུང་བྱ་བ་ཡོད་དེ་སྔོན་གྱི་དུས་སུ་འཕགས་ཡུལ་གྱི་བཙུན་པ་ལྔ་བརྒྱ་གནས་འདིར་སྦས་པའི་ཚུལ་གྱིས་བསམ་གཏན་སྒོམ་ནས་གྲུབ་པ་ཐོབ་སྐད། རྩེ་ (དྷ་ཧྭོང་ཇྱ) མོ་ཆེན་པོ་ཞེས་བྱ་བ་ནི། རིའི་བྱང་ཕྱོགས་ན་ཡོད་ཅིང་བྱང་རི་རྙིང་པར་གྲགས། མཁར་ (ཇོ་ཤི་ཆྱན) བསིལ་བཙུགས་པའི་ཆུ་མིག་ནི། དབེན་ལན་ཞེ་ཟིཔའི་གླིང་ཞེས་པའི་ལྷ་ཁང་ན་ཡོད་ཐང་གུར་གྱི་ཐོག་མའི་སྐབས་སུ་ (ཏོའུ་ཥྱན) དྲང་སྲོང་ལམ་པ་ཞེས་པའི་ཧྭ་ཤང་ཞིག་གིས་རྩའི་སྤྱིལ་བུ་བཟུང་སྟེ་སྦས་པའི་བརྟུལ་ཞུགས་ཀྱིས་སྒྲུབ་པ་མཛད་པ་ན་རྒྱུན་དུ་ཆུ་ལེན་པ་ལ་ངལ་ཞིང་ཡོད་སྐབས་སྤྲུལ་པའི་དགེ་སློང་ཀུན་ཏུ་རྒྱུ་ཞིག་བྱུང་ནས་ལུས་འཁྲུ་བས་ཆུ་ལོང་ཞིག་གསུང་བས་དྲང (ཏོའུ་ཥྱན) སྲོང་ལམ་པས་ཚེག་ལ་མ་རྩེགས་པར་ཆུ་བླངས་ཏེ་འོངས། དེའི་ཕྱིས་ཉིན་ཡང་གོས་འཁྲུ་བའི་ཆུ་ལོང་ཞིག་གསུང་བས་ཆུ་སྣོད་བཟུང་ནས་ཆུ་ལེན་པར་ཕྱིན་པས་ཆུ་སྣོད་ཆག ཡང་ཆུ་སྣོད་གཞན་བླངས་ཏེ་ཚེགས་ལ་མ་ལྟོས་པར་ཆུ་བླངས་ཏེ་འོངས་པས། སྤྲུལ་པའི་དགེ་སློང་ན་རེ། ཁྱོད་ངེས་པར་དྲང་པོ་ཞིག་འདུག་གསུང་ནས་མཁར་བསིལ་སྤྱིལ་བུའི་མདུན་དུ་བཙུགས་ཏེ། (ཏོ་རྩེ་རྒྱན) དྲང་སྲོང་ལམ་པ་ལ་མཁར་བསིལ་ཕྱུང་ཞིག་གསུང་བ་ལྟར་བྱས་པས་ཤུལ་ནས་ཆུ་མིག་རོ་ཞིམ་པོ་ཞིག་ཐོན། སྤྲུལ་པའི་དགེ་སློང་གིས་མཁར་བསིལ་བླངས་ཏེ་སེ་གོལ་གཏོག་ཅིང་ནམ་མཁར་འཕུར་ཏེ་སོང་སྐད། འདི་ན་སྔར་བཤད་པའི་སྤྲུལ་པའི་དགེ་སློང་སྙེགས་པའི་རྒྱལ་པོའི་རྗེས་སུ་འབྲངས་པའི་ (ལན་ཤན) རི་བླུན་པོ་ཞེས་པའང་ཡོད། རིའི་ལྷོ་ནུབ་མཚམས་ཀྱི་རྒྱང་གྲགས་བཞི་བཅུའི་མཚམས་ན་ (ཝེན་སེའུ་ཤན) ཐོས་པ་འཛིན་པའི་རི་ཞེས་བྱ་བ་དང༌། བྱང་ཕྱོགས་རྒྱང་གྲགས་བཞི་བཅུའི་མཚམས་ན་རིན་པོ་ (པའུ་ཐ་ཤན) ཆེའི་རི་བྱ་བ་དང༌། ཤར་ཕྱོགས་རྒྱང་གྲགས་བདུན་ཅུའི་མཚམས་ན་ (ཆིན་ཁི་ཤན) རོལ་རྩེད་རི་བྱ་བ་ཡོད། ཕྱི་མ་འདི་ན་ཆུ་མགོ་མིག་གསུམ་ (ཕིན་ཙི་ཆྱན) པ་བྱ་བ་ཡོད་ཅིང་འདི་ལས་ཧོ་ཐོ་ཞེས་པའི་ཆུ་ཀླུང་ཆེན་པོ་འབྱུང་ངོ༌། །༥༼ དབུས་རི་ནི་མཐོ་ཚད་རྒྱང་གྲགས་སོ་བརྒྱད་དུ་ཡོད་ཅིང་རྩེ་མོ་སྙོམ་ལ་རྩེའི་མཐའ་སྐོར་དུ་རྒྱང་གྲགས་ལྔ་ཡོད་མཚར་སྡུག (ཚུད་ཡན་ཧྥུང) ལྷུན་པོའི་སྤོ་ཞེས་གྲགས། འདི་ལ་བྱིན་རླབས་ཅན་གྱི་གནས་ཉེར་བརྒྱད་ཡོད་པ་ལས། བྱ་ (ལིང་ཇིའུ་ཧྥུང) རྒོད་ཕུང་པོའི་རི་ནི། རི་འདིའི་པང་ན་ཡོད་ཅིང་སྔར་དགྲ་བཅོམ་པ་མཱ་ཏཾ་གཱི་པས་རྒྱ་གར་གྱི་བྱ་རྒོད་ཕུང་པོའི་རི་དང་མཚུངས་པར་གསུངས་པ་དེ་ཡིན་ལ་ད་ལྟ་བྱང་ཆུབ་ (ཕུ་ས་ཏིང) སེམས་དཔའི་སྤོར་གྲགས། འདིའི་ནུབ་ངོས་ན་ (ཀན་ཏུ་ཆྱན) བདུད་རྩི་ཆུ་ཀླུང་ཞེས་བྱ་བ་ཡོད། འདིའི་མདུན་ན་ཡོད་པའི་ (དྷ་པོའུ་ཐ) ནོར་བུ་ཆེན་པོའི་མཆོད་རྟེན་ནི། གནས་ཆེན་འདིའི་ལྟེ་བ་ཡིན་ཞིང་དགྲ་བཅོམ་པ་མཱ་ཏཾ་གཱི་པས་ལྷའི་མིག་གི་མངོན་ཤེས་ཀྱིས་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པའི་དེ་བཞིན་གཤེགས་པའི་རིང་བསྲེལ་ཅན་གྱི་མཆོད་རྟེན་དུ་གཟིགས་ཏེ་ངོས་བཟུང་བ་དེ་ཡིན། ཧན་གུར་གྱི་དུས་ནས་བཟུང་སྟེ་ད་ལྟའི་བར་གྱི་རྒྱལ་རབས་མཐའ་དག་གིས་ཉམས་གསོས་དང་ཕུ་དུད་མཛད། ད་ལྟ་ཡང་འོད་ཟེར་དགུང་ལ་རེག་པར་སྤྲོ་བ་དད་ལྡན་རྣམས་ལ་མངོན་སུམ་དུ་གྱུར་ཅིང་དྭངས་བསིལ་རི་བོའི་གནས་ཀྱི་ཡང་རྩེར་སྔགས་པ་ལགས་སོ། །མཆོད་རྟེན་འདིའི་ནུབ་ངོས་ན་ཐུབ་པའི་ཞབས་རྗེས་ཀྱི་རྡོ་ཡོད་དེ། སྔོན་བཅོམ་ལྡན་འདས་མྱ་ངན་ལས་འདའ་ཁར་རྩྭ་མཆོག་གྲོང་དུ་གཤེགས་པར་ཉེ་བ་ན་རྡོའི་སྟེང་དུ་ཞབས་རྗེས་བཞག་ནས་མ་འོངས་པ་ན་འདི་ལ་རྙེད་བཀུར་བྱེད་པ་རྣམས་ཀྱི་ལས་སྒྲིབ་དག་ནས་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ་ཞེས་ལུང་བསྟན། ཞབས་རྗེས་དེ་ཡང་མཐིལ་དུ་རྩིབས་སྟོང་བཀྲ་ཞིང་སོར་མོ་རྣམས་ལ་བཀྲ་ཤིས་པའི་རྟགས་ཀྱིས་མཚན་པ་སྲིད་དུ་ཚོན་བཅུ་དྲུག་དང་ཞེང་དུ་ཚོན་དྲུག་ཡོད་ལ་མ་ག་དྷ་པ་རྣམས་ཀྱི་མཆོད་པའི་རྟེན་དུ་བཞུགས་སོ། །ཐང་གུར་གྱི་དུས་སུ་རྨད་བྱུང་གཟི་བརྗིད་ཅན་ཞེས་པ་རྒྱ་གར་དུ་ཕྱིན་ཏེ་མཁས་པར་སྦྱངས་པས་རྡོ་རྗེ་གདན་གྱི་མཁན་པོ་མཛད་པ་དེས་འདྲ་རིས་བླངས་ཏེ་རྒྱལ་པོ་ལ་ཕུལ་བ་ཙི་ནའི་རྒྱལ་རབས་ཀུན་གྱི་མཆོད་གནས་སུ་གྱུར། མིང་གུར་གྱི་དུས་སུ་མཁས་ (མིང་ཆིད) གྲུབ་བསམ་འཕེལ་ཞེས་པའི་ཧྭ་ཤང་ཤྱན་ཇུང་ཧཱ་ཐྭི་གཉིས་ཀྱིས་དགེ་བསྐུལ་གྱིས་ནོར་བསྒྲུབས་ཏེ་ཞབས་རྗེས་དེ་ཉིད་རྡོ་ལ་བརྐོས་ཏེ་རི་བོ་དྭངས་བསིལ་གྱི་གནས་འདིར་གུས་ལྡན་བསོད་ནམས་གསོག་པའི་ཞིང་ས་དམ་པར་བཞུགས་སུ་གསོལ་བ་ཡིན་ནོ། །འཇམ་དཔལ་གྱི་ (ཝེན་ཤུ་ཧྥ་ཐ) དབུ་སྐྲའི་མཆོད་རྟེན་ནི། མཆོད་རྟེན་ཆེན་པོའི་ཤར་ཕྱོགས་སུ་ཡོད་ལ་སྔོན་གྱི་དུས་སུ་རྗེ་བཙུན་དབུལ་མོའི་རྣམ་པར་སྤྲུལ་པའི་དབུ་སྐྲའི་མཆོད་རྟེན་ཡིན་ལ། དུས་ཕྱིས་མིང་གུར་གྱི་དུས་སུ་ཉམས་གསོས་ཀྱི་སྐབས་ཕྱེ་ནས་བལྟས་པས་དབུ་སྐྲའི་མདངས་མ་ཉམས་པར་གསེར་འོད་འཕྲོ་བར་སྣང་ཞེས་འབྱུང་ངོ༌། །ཤེར་ (པོ་ཞ་ཆྱན) ཕྱིན་གྱི་ཆུ་མིག་ནི། མཆོད་རྟེན་ཆེན་མོའི་ཤར་ངོས་སུ་ཡོད། ཐང་གུར་གྱི་ཧྭ་ཤང་ཤེས་རབ་སྦས་པ་ཞེས་པའི་དམ་པ་ཞིག་གིས་འདིར་ལྷ་ཁང་བཞེངས་ཏེ་རྡོ་རྗེ་གཅོད་པ་རྒྱུན་འདོན་དུ་མཛད་དེ་བྱིན་གྱིས་བརླབས་པས་ཆུ་མིག་འདི་བརྡོལ་བ་ལས་འདི་ལྟར་གྲགས། མེ་ (ཐ་ཧྭ་ཡྭོན) ཏོག་སྣ་ཚོགས་ཀྱི་ཚལ་ནི། མཆོད་རྟེན་ཆེན་པོའི་མདུན་ངོས་སུ་ཡོད་ཐང་གུར་གྱི་དུས་སུ་བྱང་སྡོམ་འབོགས་པའི་གཙང་ཁང་བཞེངས་པའི་ས་ཡིན། རིའི་ཤར་ལྷོའི་མཚམས་སུ་ (ཧྥུང་ལིན་གུ) ལ་བིང་གའི་ལུང་པ་དང༌། དེའི་རྒྱབ་གྱི་ལར་རྒྱ་ (ཤིང་ཆུང་ཏུང) གར་ཕུག་པ་ཡོད། རྒྱ་གར་དྲང་སྲོང་ (ཕྲན་ཤྱན་ཤན) གི་རི་ནི། རིའི་ཤར་ངོས་རྒྱང་གྲགས་སུམ་ཅུའི་མཚམས་ན་ཡོད། སྔོན་དྲང་སྲོང་ལྔ་བརྒྱས་འདིར་མེ་ཏོག་ཨུཏྤལའི་བཅུད་ལེན་བྱས་ཏེ་གྲུབ་པ་ཐོབ་སྐད། འདིའི་ནུབ་ཕྱོགས་ན་ (དིང་གེའུ) ཁྲོན་བུའི་གཤོང་དང༌། དེའི་ལྷོ་ཕྱོགས་ན་རྒྱ་ཤུག་ (ཡང་བེ་ཡུའི) གི་ཚལ་དང༌། རིའི་ལྷོ་ཕྱོགས་ན་འབྲུག་ (ཀྱིའུ་ལུང་ཀང) དགུའི་སྒང་ཡོད། འདི་ན་ཡོད་པའི་ལིང་གུང་ (ལིང་གུང་ཐ) མཆོད་རྟེན་ནི་སུང་གུར་གྱི་དམག་དཔོན་དད་པ་ཅན་ཞིག་གི་མཆོད་རྟེན་ཡིན་པར་གྲགས། སྨྱུག་ཚལ་གྱི་ (ཇུ་ལིན་ཤེ་ལི་ཐ) རིང་བསྲེལ་མཆོད་རྟེན་ནི། རིའི་ལྷོ་ཕྱོགས་ཀྱི་སྨྱུག་ཚལ་གླིང་གི་མདུན་ན་ཡོད་ལ་མིང་གུར་གྱི་ཞིང་པ་རྒན་པོ་ཞིག་གིས་རྡོ་སྒྲོམ་དུ་སྦས་པའི་དངུལ་གྱི་ཟ་མ་ཏོག་ཞིག་རྙེད་པ་ཕྱེ་བས་བཻ་ཌཱུརྱའི་བུམ་པར་འོད་འཚེར་བའི་རིང་བསྲེལ་རྒྱ་ཕྲག་དུ་མ་བཅུག་པ་དང་ཁ་བྱང་ལ་བཙུན་པ་སྤྲིན་གྱི་མེས་པོའི་ཐུགས་དམ་རྟེན་ཡིན་ཞེས་བཏབ་འདུག་པ་མཐོང༌། ཕྱིས་ཁྱིམ་བདག་དང་བཙུན་པ་དད་ལྡན་རྣམས་ཀྱིས་མཆོད་རྟེན་དུ་བྱས་པར་གྲགས། སྨྱུག (ཇུ་ལིན་ཤིའོ་ཥྱང) ཚལ་གྱི་སྐུ་གཟུགས་ཆུང་བ་ནི། དེ་བཞིན་གཤེགས་པའི་སྐུ་བརྙན་ཁྲི་དང་བཅས་པ་ཁྱད་མཚར་བྱིན་རླབས་ཀྱི་གཟི་འོད་འབར་བ་ཞིག་ཡོད། རིའི་ལྷོ་ཕྱོགས་རྒྱང་གྲགས་བཞི་བཅུ་ན་དྭངས་ (ཆིང་ལྱུང་གུ) བསིལ་གྱི་ལུང་པ་ཡོད་ལ། དེའི་ཕུགས་ན་དྭངས་བསིལ་རྙིང་པར་གུ་ཆིང་ཁྱིགྲགས་པ། ཕ་ཇུའི་ཞེས་པའི་ཧྭ་ཤང་གིས་བཞེངས་པའི་ལྷ་ཁང་ཡོད། དྭངས་ (ཆིང་ལྱུང་ཤི) བསིལ་གྱི་རྡོ་ནི། དེའི་ནུབ་ངོས་ཀྱི་འདབས་ན་ཡོད་ཅིང་རྡོའི་དཔངས་སུ་ཚོན་དྲུག་ཅུ་རེ་ལྔ་དང༌། མཐའ་སྐོར་ལ་འདོམ་དགུ་དང་ཚོན་ཉི་ཤུ་ཡོད་པ་མཉམ་གྲུ་བཞི་པ་འཁྱིལ་བ་རང་བྱུང་དུ་དོད་པ་སྟེང་དུ་མི་ཇི་ཙམ་ཚོགས་ཀྱང་མི་ཤོང་བ་མེད་པ་ཞིག་ཡིན། སྔོན་སྤྲུལ་པའི་བཙུན་པ་ཞིག་རྡོའི་འདིའི་སྟེང་དུ་སྐྱིལ་ཀྲུང་བྱས་ཏེ་སྐྱེ་བོ་མང་པོ་ལ་ཆོས་འཆད་པའི་སྒྲ་དབྱངས་སྙན་ཅིང་གསལ་བ་བཞིན་དང་ཆ་བྱད་འཇིགས་སུ་རུང་བ་དྲུང་དུ་སླེབས་ན་མི་སྣང་བར་གྱུར་པ་ཞིག་བྱུང་བར་གྲགས། གཏམ་རྒྱུད་རྙིང་པར་རྡོ་འདི་ཀླུའི་རྒྱལ་པོས་རྗེ་བཙུན་གྱི་བཞུགས་ཁྲིར་ཕུལ་བ་ཡིན་ཞེས་འབྱུང༌། འདིའི་བྱང་ངོས་ན་དྭངས་ (ཆིངས་ལྱོང་ཋོ) བསིལ་གྱི་ཁྲོན་པ་དང༌། ཡང་མི་རིང་བ་ན་དགྲ་ལོ་ (ཧན་ཏུང) བཅོམ་ཕུག་དང༌། རིའི་མདུན་ངོས་ཀྱི་ཆུ་ཕྲན་ལ་དྭངས་ (ཆིངས་ལྱོང་ཁྱོའུ) བསིལ་ཟམ་པ་ཡོད། (ལོ་ཝན་ཉིྱན་པིང) ཁྲིའི་ཁྱགས་རོམ་ནི། རིའི་ཤར་གྱི་ཞོལ་ན་ཡོད་ཅིང་དབྱར་གཞུང་ལ་ཡང་མི་འཇུ་བའི་འཁྱགས་རོམ་རྔམས་སུ་འདོམས་དུ་མ་ཡོད་པ་དེའི་སྲུབས་ལས་སྐྱེས་པའི་འབྲས་བུ་ཅན་གྱི་ཤིང་རྣམས་དབྱར་དུས་མེ་ཏོག་ཁ་འབུས་ཤིང་འབྲས་བུ་འཆག་པའི་ངོ་མཚར་བ་ཡོད། རིའི་ཤར་ལྷོའི་རྒྱང་གྲགས་གསུམ་ན་བསིལ་ (ཁན་ཤན་ཤི) རིའི་རྡོ་ཞེས་བྱ་བ་ཡོད། པད་ (ཡུའི་ཧྭ་ཐི) དཀར་རྫིང་བུ་ནི། རིའི་ཤར་ལྷོའི་ལྡེབས་ན་ཡོད། སྔོན་དགྲ་བཅོམ་པ་ལྔ་བརྒྱས་དབྱར་གནས་མཛད་པའི་གནས་ཡིན་ལ་ད་ལྟ་འདིར་དགྲ་བཅོམ་ལྔ་བརྒྱའི་སྐུ་བརྙན་བྱིན་རླབས་ཤིན་ཏུ་ཆེ་བའི་ཡ་མཚན་ཅན་གྱི་ལོ་རྒྱུས་ཟུར་དུ་བལྟ་བར་བྱའོ། །འདིའི་རྫིང་བུར་པདྨ་དཀར་པོ་ཡང་ཊིའི་པདྨ་ལྟ་བུ་མང་དུ་ཕྱེ་བའི་སར་སྔོན་གྱི་བློན་པོ་ཞིག་གིས་རྡོའི་མཚན་མ་བྱས་སོ། །རིའི་ནུབ་བྱང་ན་ཀ་ (ཁྱེ་ལན་གེའུ) ལནྡ་ཀའི་སྦུགས་བྱ་བ་ཡོད། འཕགས་ (ལན་ཤེད་ཐོའུ་ཡུའི་ཋི) པའི་ཚོགས་ཀྱི་ཁྲུས་རྫིང་ནི། དབུས་རི་དང་བྱང་རིའི་མཚམས་ན་ཡོད་ཅིང་སྔོན་ཆུ་མིག་གཙང་ཞིང་ཡིད་འཕྲོག་པ་ཞིག་ཡོད་སྐད། དེར་གནས་མཇལ་བ་རྣམས་ཀྱིས་སྤྲིན་དང་འཇའ་འོད་ཀྱི་ནང་དུ་འཕགས་པའི་སྐུ་དང་མཁར་བསིལ་མེ་ཏོག་སོགས་ཀྱི་གཟུགས་བརྙན་མང་པོ་མཐོང་བ་ཡང་ཡང་བྱུང་བར་གྲགས་ཤིང་གཏམ་རྒྱུད་རྙིང་པ་ལས་རྗེ་བཙུན་གྱི་སྐུ་ཁྲུས་མཛད་པའི་རྫིང་བུར་བཤད། ཕྱིས་སུ་བླ་གབ་བཟུང་བ་ལ་བརྟེན་ནས་མཐོང་སྣང་ཉུང་དུ་སོང་ཟེར། མེ་ (ཐའི་ཧྭ་ཋི) ཏོག་མཆིག་གི་རྫིང་བུ་ནི། རི་རྩེའི་ནུབ་བྱང་ན་ཡོད་ཅིང་མཇལ་མཁན་སོ་སོ་ལ་རྒྱ་གཏིང་གི་ཚད་མཐོང་སྣང་མི་འདྲ་བ་དང་ཤིན་ཏུ་དྭངས་པས་སྤུའི་ཉག་མ་ཚུན་ཆད་ཀྱང་གསལ་བར་མཐོང་བ་ཡོད། རིའི་ལྷོ་ནུབ་མཚམས་ཀྱི་འོད་ཟེར་ (ཁྱི་ཀྭང་ཐ) སྩོལ་བའི་མཆོད་རྟེན་ནི། མིང་གུར་གྱི་སློབ་དཔོན་ཆེན་པོ་ཞིག་དང་བློན་ཆེན་གཉིས་ཀྱིས་རྗེ་བཙུན་གྱི་ཐུགས་རྗེ་བསྐུལ་བའི་ཚེ་སྣང་བ་ཁྱད་པར་ཅན་སྩལ་བའི་གནས་སུ་མཆོད་རྟེན་འདི་བཞེངས་སྐད། དབུས་ (ཐའི་ཇུད་ཤེ་ལི་ཐ) རིའི་རིང་བསྲེལ་མཆོད་རྟེན་ནི། ཐང་གུར་གྱི་གྲུབ་པ་བརྙེས་པའི་སློབ་དཔོན་ལན་གུ་ཧཕ་ཤི་ཞེས་པ་ཞིག་གིས་འཕགས་ཡུལ་གྱི་གྲུབ་ཐོབ་ཅིག་ལས་རིང་བསྲེལ་བསླངས་ཏེ་ལྕགས་ཀྱི་མཆོད་རྟེན་གྱི་ནང་དུ་བཅུག་ནས་དེའི་ཕྱིར་རྡོའི་མཆོད་རྟེན་ཆེན་པོ་བཞེངས་པར་འདུག ཕྱིས་མིང་གུར་གྱི་དུས་སུ་མཆོད་རྟེན་དེ་གཡོ་ཞིང་འགྱེལ་ལ་ཁད་པ་ན་གློ་བུར་དུ་ནམ་མཁར་སྤྲིན་འདུས་ཏེ་ཆར་འབེབས་ཤིང་འབྲུག་སྒྲ་དྲག་པོ་བསྒྲགས་པས་ཆེམ་ཆེམ་གཡོས་པ་ན་མཆོད་རྟེན་སྔ་མོ་བཞིན་བསྲངས་པར་གྱུར་ཏོ། །སེང་གེའི་ཁྱིམ་ནི། རིའི་ལྷོ་ནུབ་མཚམས་ཀྱི་ལ་སྒང་དུ་ཡོད་ལ་སྔོན་དད་ལྡན་རྣམས་ཀྱིས་གནས་དེར་སེང་གེ་མང་པོ་འཕྱོ་བ་མཐོང་ལ་ཕྱིས་མིང་གུར་གྱི་སློབ་དཔོན་ཆེན་པོ་ཤེས་རབ་ (ཊི་ཀྭང) འོད་ཟེར་དང་ (ཊིང་ལི) གཙང་མའི་མཐུ་ཅན་གཉིས་ཀྱིས་དགོན་པ་བཞེངས་ནས་ཕྱོགས་བཞིའི་དགེ་འདུན་གློ་བུར་དུ་ལྷགས་པ་རྣམས་ཀྱི་བསྟི་གནས་སུ་བྱས་སོ། །དེ་ལྟར་གོང་གསལ་དཀར་ཆག་རྙིང་པ་ན་བྱིན་རླབས་ཅན་གྱི་གནས་ལྷོ་རིར་ཉེར་གཅིག ཤར་རིར་བཅུ་བཞི། ནུབ་རིར་བཅུ་བདུན། བྱང་རིར་ཉེར་བདུན། དབུས་རིར་ཉེར་བརྒྱད་དེ་བསྡོམས་པས་བརྒྱ་དང་བདུན་ཡོད་པར་བཤད་ཀྱང་དེ་ལས་དེང་སང་འགའ་ཞིག་རྙིང་གོགས་ཀྱིས་མི་མངོན་པར་སོང་བའང་ཡོད་ལ། ཡང་ཕྱིས་སུ་སྐྱེས་ཆེན་དམ་པ་དང་དད་ལྡན་གྱི་སྐྱེས་བུ་རྣམས་ལ་རྗེ་བཙུན་གྱིས་སྐུ་དང་གསུང་གི་སྣང་བ་སྩལ་བའི་གནས་རྣམས་སུ་རྒྱལ་བློན་བཙུན་པ་ཁྱིམ་བདག་དུ་མས་གསར་དུ་བཞེངས་པའི་མཆོད་རྟེན་དང་གཙུག་ལག་ཁང་མང་དུ་མཆིས་སོ། །རྩེ་ལྔ་པ་དཔལ་ལྡན་གྲགས་པས། དབུས་རི་སེང་གེ་འགྱིང་བ་འདྲ་བ་རྣམ་སྣང་གི་ཞིང་བྱང་ཆུབ་མཆོད་རྟེན་གྱི་དབྱིབས་ཅན་དང༌། ཤར་རི་གླང་ཆེན་བསྙེམས་པ་འདྲ་བ་མི་བསྐྱོད་པའི་ཞིང་བཀྲ་ཤིས་སྒོ་མང་མཆོད་རྟེན་གྱི་དབྱིབས་ཅན་དང༌། ལྷོ་རི་རྟ་མཆོག་ཉལ་བ་འདྲ་བ་རིན་བྱུང་གི་ཞིང་ཆོ་འཕྲུལ་མཆོད་རྟེན་གྱི་དབྱིབས་ཅན་དང༌། ནུབ་རི་རྨ་བྱ་གར་བྱེད་པ་འདྲ་བ་འོད་དཔག་མེད་ཀྱི་ཞིང་མྱང་འདས་མཆོད་རྟེན་གྱི་དབྱིབས་ཅན་དང༌། བྱང་རི་ཤང་ཤང་བསྣོལ་བ་འདྲ་བ་དོན་གྲུབ་ཀྱི་ཞིང་ལྷ་བབས་མཆོད་རྟེན་གྱི་དབྱིབས་ཅན་དུ་གསུང་བ་ཡང་དམ་པ་སྔ་མའི་གསུང་རྒྱུན་ལ་བརྟེན་པ་གོར་མ་ཆག་ཅིང་འདི་ལ་དཔག་ནས་གནས་རྣམས་སུ་རིགས་སོ་སོ་ལ་བརྟེན་པའི་སྒྲུབ་པ་དང་ལས་བྱེད་པའི་མྱུར་ཁྱད་ཐ་དད་པ་ཡང་ཡོང་བར་བཤད་དོ། །ལྕང་སྐྱ་རོལ་པའི་རྡོ་རྗེའི་གསུང་གཞིར་བཞག་ཐོག་ཅུང་ཟད་བསྡུས་ཏེ་བཀོད། གཞན་ཡང་རྩེ་ལྔའི་མཐའ་སྐོར་ན་ཉེ་བའི་སྤང་རི་བཞི་དང་གཙུག་ལག་ཁང་སོགས་ཀྱི་ལོ་རྒྱུས་མང་དུ་སྣང་ཡང་འདིར་མ་བཀོད་དོ། །