9166

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིག་པ་དང་ཞབས་སུ་ལྡན་པ
Tibetan Definition <བིདྱཱ་ཙ་ར་ཎ་སམྤནྣ> སངས་རྒྱས་སྤྱིའི་མཚན། རིག་པ་ནི་ཡང་དག་པའི་ལྟ་བ་ཡིན་ལ། ཞབས་ནི་ལམ་གྱི་ཡན་ལག་བདུན་ནོ། །ཞེས་སློབ་དཔོན་ཚུལ་ཁྲིམས་བསྐྱངས་གསུང་། ཡང་ན། ཤེས་རབ་ཀྱི་བསླབ་པའི་རིག་པ་དང་། ཏིང་ངེ་འཛིན་དང་ཚུལ་ཁྲིམས་ཀྱི་བསླབ་པའི་ཞབས་གཉིས་སུ་ལྡན་པའོ། །ཞེས་ཀྱང་འབྱུང༌བས། མདོར་བསྡུས་ན་འཕགས་ལམ་ཡན་ལག་བརྒྱད་དམ་བསླབ་པ་གསུམ་ཐུགས་རྒྱུད་ལ་ཡང་དག་པར་ལྡན་ཞེས་པའི་དོན་ནོ། །རིག་པ་དང་ཞབས་སུ་ལྡན་པ་ནི། ལེགས་སྦྱར་སྐད་དུ་བིདྱཱ་ཙ་ར་ཎ་སམྤནྣ་ཞེས་པ་སྟེ། དེ་ཡང་བིདྱཱ་ཞེས་པ་རིག་པ། ཙ་ར་ཎ་ཞབས། སམྤནྣ་ཞེས་པ་ནི། ཡང་དག་པ། མ་ལུས་པའམ་རྫོགས་པར་ལྡན་པའི་དོན་ལ་བཤད། ཤེས་རབ་ཀྱི་བསླབ་པ་ནི་རིག་པ་སྟེ་མིག་དང་འདྲ་ཞིང༌། བསླབ་པ་གཞན་གཉིས་ཤེས་རབ་ཀྱི་བསླབ་པའི་རྟེན་གཞི་ཡིན་པས་རྐང་པ་དང་འདྲ་བ་སྟེ་དེ་གསུམ་ཡང་དག་པར་ཐུགས་ལ་ལྡན་ནོ། །ཞེས་པའི་དོན་ནོ། །དཔེར་ན་མིག་གིས་མཐོང་ཞིང་རྐང་པ་དང་ལྡན་ན་རང་གང་དུ་འདོད་པའི་གནས་སུ་དཀའ་ཚེགས་མེད་པར་འགྲོ་ནུས་པ་ལྟར། ཤེས་རབ་ཀྱི་བསླབ་པའི་མིག་དང་ལྡན་ཞིང་། ཚུལ་ཁྲིམས་ཀྱི་བསླབ་པའི་རྐང་པ་དང་ལྡན་པས་མྱ་ངན་ལས་འདས་པའི་གནས་སུ་ལེགས་པར་སོང་ངོ་། །ཞེས་ཤུགས་ཀྱིས་བསྟན་ཏོ། །སྒྲ་སྦྱོར་བམ་གཉིས་ལས་ཀྱང་། བིདྱཱ་ཙ་ར་ཎ་སཾཔནྣ་ཞེས་པ་བིདྱཱ་ཞེས་པ་རིག་པ། ཙརཎ་ནི་རྐང་པ། སཾཔནྣ་ནི་ལྡན་པའམ་ཕུན་སུམ་ཚོགས་པ་ལ་བྱ་སྟེ། བསླབ་པ་གསུམ་དང་སྦྱར་ན་ལྷག་པའི་ཤེས་རབ་ནི་རིག་པ། ལྷག་པའི་སེམས་དང་ལྷག་པའི་ཁྲིམས་ནི་རྐང་པ། འཕགས་པའི་ལམ་ཡན་ལག་བརྒྱད་དང་སྦྱར་ན། ཡང་དག་པའི་ལྟ་བ་ནི་རིག་པ། ལྷག་མ་བདུན་ནི་རྐང་པ་སྟེ། རིག་པ་མིག་དང་འདྲ་བས་མཚོན་ནས་རྐང་པས་ཕྱིན་ཅིང་འཐོབ་པར་འགྱུར་བས་ན་རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ། ཞེས་གསུངས་སོ། །དོགས་གཅོད། འདིའི་ “ཞབས་སུ་ལྡན་པ” ཞེས་པ་ཞབས་ལ་དངོས་པོ་གཞན་ཞིག་ལྡན་པ་ལྟ་བུའི་དོན་ལ་གོ་བ་ལྟ་བུ་ཅུང་ཟད་གོ་མི་བདེ་བ་ཞིག་ཡོད་རུང་། དེ་ནི་དེ་ལྟར་མིན་ཏེ། ཞབས་སུ་ལྡན་པ་ཞེས་པ་ནི་ཞབས་དང་ལྡན་པ་ཞེས་པའི་དོན་ཏེ། “ཞབས་སུ་ལྡན” ནི་ “རྐང་པར་ལྡན” ཞེས་པ་དང་དོན་གཅིག་ཅིང་། “རྐང་པར་ལྡན” ཞེས་པ་ནི་ “རྐང་པ་དང་ལྡན” ཞེས་པའི་དོན་ཡིན་ནོ། །དཔེར་ན། རིག་པ་དང་ལྡན་པ་ལ། རིག་པར་ལྡན་ཞེས་པ་ལྟ་བུ་དང་། དྲི་ཟ་དང་བཅས་པ་ལ། དྲི་ཟར་བཅས། ལྷ་དང་བཅས་པ་ལ། ལྷར་བཅས་ཞེས་པ་ལྟ་བུས་མཚོན་ནོ། །མདོར་ན་འདིའི་རྐང་ “པར” ལྡན་ཞེས་པའི་ “ར་སྒྲ” དེ་སྡུད་པའི་ཚིག་ཕྲད་ “དང” དང་དོན་འདྲའོ། །དཔེར་ན་ཀླུ་སྒྲུབ་ཀྱི་ཤེས་རབ་སྡོང་བུ་ལས། ནོར་རམ་རིག་ “པར” ལྡན་གྱུར་ན། །དམན་པ་རྣམས་ནི་དྲེགས་པར་འགྱུར། །གོ་འཕང་གཉིས་པོ་དེ་དག་གིས། །མཁས་པ་ཤིན་དུ་དུལ་བར་འགྱུར། །ཞེས་དང་། རིག་ “པར” ལྡན་དང་རྒྱལ་པོ་ཡི། །གང་དུའང་མཉམ་པ་མ་ཡིན་ཏེ། །རྒྱལ་པོ་རང་གི་ཡུལ་ན་བཀུར། །རིགས་ལྡན་ཀུན་དུ་བཀུར་བར་འགྱུར། །ཞེས་གསུངས་པ་ལྟར་རོ། །དེས་ན་ཞབས་སུ་ཞེས་པའི་ཚིག་ཕྲད་ “སུ” ནི་སྡུད་པའི་ཚིག་ཕྲད་ “དང” སྒྲའི་དོན་ནོ། །