9225

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིང་བསྲེལ
Tibetan Definition <ཤ་རཱི་རཾ> 1 སྐྱེས་ཆེན་དམ་པའི་སྐུ་གདུང་སོགས་ལས་བབས་པའི་རིལ་བུ་དཀར་པོ་ཡུངས་འབྲུའམ་སྲོ་མའི་ཚད་ཙམ་པ་ལ་དབྱིབས་ལེབ་ཅིང་སྲབ་པ་ཞིག་གི་མིང་དུ་གྲགས་ཆེ། ཤ་རཱི་རཾ་ཞེས་པ་སྐུ་ལུས་དངོས་ལ་གོ་བ་དང་། སྐུ་གདུང་སྟེ་ཤི་བའི་བེམ་རོ་ལ་གོ་བ་གཉིས་ཡོད་མོད། ལེགས་སྦྱར་དུ་ “शरीरं” ཤ་རཱི་རཾ་ཟེར་བ་སྐུ་ལུས་སམ་ལུས་པོ་ལ་གོ་སྟེ། རྒྱ་གར་ཡུལ་སྐད་ལའང་ལུས་པོ་ལ་ “शरीर” ཤ་རཱིར་ཟེར་བ་ལྟ་བུས་མཚོན་ནོ། །དབྱིན་སྐད་དུ་body ཟེར་བ་དེའོ། །བོད་ཧོར་གྱི་བརྡ་ཡིག་མིང་ཚིག་དོན་གསུམ་གསལ་བྱེད་ལས་དེའི་སྐད་དོད་ལ་དྷཱ་ཏུ་ཞེས་ཀྱང་གསལ་ལོ། །རིང་བསྲེལ་ཡུངས་འབྲུ་ཙམ་པ་དེ་ནི་བླ་མ་རྩ་ཆེན་འགའ་ཞིག་གི་སྐུ་ལུས་གསོན་པོ་ལས་ཀྱང་འབབ་རྒྱུ་ཡོད། ལོ་རྒྱུས་ནི། སྔོན་སེར་སྨད་ལྭ་བ་ཁམས་པ་ཞེས་པའི་གྲྭ་པ་བསྟན་བཤིག་ཚ་ལ་ཁ་རི་ཁ་ཐུག་ཅིག་ཡོད། ཁོ་པས་ཉིན་ཞིག་༸སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེར། རྩེད་མོ་དང་སྦྲགས་ཏེ་སྐུ་ལུས་ཀྱི་རིང་བསྲེལ་གནང་རོགས་ཞེས་ཨུ་ཚུགས་བྱས་པ་ན། རིན་པོ་ཆེས་ང་ལ་དེ་འདྲ་ག་བ་ཡོད་རེད་ཅེས་ཞལ་བཞེས་གཏན་ནས་མ་གནང་བ་ན། ཁོ་པས་དྲན་འཕྲུལ་ཞིག་བྱས་ཏེ། རིན་པོ་ཆེར། ད་བླ་མས་ཞལ་རྫུན་གསུང་གི་འདུག་ད། ཞལ་རྫུན་མ་གསུངས་ཞེས་ཡང་ཡང་སྙན་སུན་ཞུས་པར། ཐ་མ་ཐུགས་བསུན་ཅིང་འུ་ཐུག་གི་རྣམ་པས། ཨ་ཁ། ཁྱོད་ཅ་མ་སུན་གསུངས་ཏེ་དབུའི་དཔྲལ་བར་འཕུར་འཕུར་ལན་འགའ་གནང་སྟེ་རིང་བསྲེལ་གནང་བའི་ལོ་རྒྱུས་གོ་ཐོས་བྱུང་བ་ལྟར་བཅོས་ལྷད་མེད་པར་བཀོད་དོ། ། 2 སྐྱེས་ཆེན་དམ་པའི་སྐུ་རུས་སམ་སྐུ་གདུང་འཕེལ་གདུང་བཅས་ལ་རིང་བསྲེལ་ཟེར། སྤྱིར་རིང་བསྲེལ་ལ་དབྱེ་ན་བཞིར་གསུངས་པ་དང་གསུམ་དུ་གསུངས་པ་གཉིས་ཏེ། བཞི་ནི། ༡ ཆོས་སྐུའི་རིང་བསྲེལ་ནི་གཟུངས་སྔགས་དང། ༢ ཡུངས་འབྲུའི་ཚད་ཙམ་པའི་སྐུ་ལུས་སོགས་ལས་སྐྱེས་པའི་རིལ་བུ་ཡོངས་གྲགས་ཀྱི་རིང་བསྲེལ། ༣ སྐུ་གདུང་གི་རིང་བསྲེལ་ནི་གདུང་རུས་སོགས་དང། ༤ སྐུ་བལ་གྱི་རིང་བསྲེལ་ནི་དབུ་སྐྲ་དང་ན་བཟའ་སོགས་ལ་གོ་བ་ཡིན། གསུམ་དུ་དབྱེ་ན། ཆོས་སྐུའི་རིང་བསྲེལ། སྐུ་གདུང་གི་རིང་བསྲེལ། སྐུ་བལ་གྱི་རིང་བསྲེལ་དང་གསུམ་མོ། །དེ་ཡང་དང་པོ། ཆོས་སྐུའི་རིང་བསྲེལ་དང་། སྐུ་གདུང་གི་རིང་བསྲེལ་ནི་སྔར་དང་འདྲ་ལ། སྐུ་བལ་གྱི་རིང་བསྲེལ་ནི་སྐུ་གཟུགས་ཏེ། དེ་དག་རིམ་པ་ལྟར་མཆོག་དང། འབྲིང་དང། ཐ་མར་གསུངས་སོ། །རྗེ་གུང་ཐང་པའི་བདེ་བར་གཤེགས་བའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་ཕྱག་མཆོད་སྐོར་བའི་ཕན་ཡོན་བསྟན་པ་རྣམ་དཀར་ལས་ལ་སྐུལ་བྱེད་དཀར་ཆག་ལྷའི་རྔ་ཆེན་ཞེས་བྱ་བ་ལས། རིང་བསྲེལ་ཡང་གང་ལ་བྱེད་ན། རྒྱུད་སྡེ་སྤྱི་རྣམ་ལས། བྱང་ཆུབ་རྒྱན་འབུམ་ད་ལྟ་བོད་ན་ཚང་བ་མི་བཞུགས། སྔོན་གྱི་མཁས་པ་དག་གིས་དེ་དྲངས་པར་དེ་བཞིན་གཤེགས་པའི་ཆོས་སྐུའི་རིང་བསྲེལ། སྐུ་གདུང་གི་རིང་བསྲེལ། སྐུ་བལ་གྱི་རིང་བསྲེལ་རྣམས་མཆོད་རྟེན་དུ་གཞུག་པར་གསུངས་ཏེ། ཆོས་སྐུའི་རིང་བསྲེལ་གཟུངས་རྣམས་སོ། །སྐུ་གདུང་གི་རིང་བསྲེལ་ནི་སྐུ་གདུང་ལས་བྱུང་བའི་རིང་བསྲེལ་ཡུངས་འབྲུ་ཙམ་མོ། །སྐུ་བལ་གྱི་རིང་བསྲེལ་ནི་སྐུ་གཟུགས་ཏེ། དེ་དག་རིམ་པ་ལྟར་མཆོག་དང། འབྲིང་དང། ཐ་མར་གསུངས་སོ། །ཞེས་རིང་བསྲེལ་གསུམ་དུ་བསྡུས་ཤིང། ཕྱི་མ་སྐུ་བརྙན་སོགས་ལ་གསུངས་པ་ཤིན་ཏུ་གནད་ཆེ་སྟེ། བཀའ་ཆེམས་བཀའ་འཁོར་མར། ཅི་སྟེ་སངས་རྒྱས་བྱིན་རླབས་དེ། །སོ་སོ་སྐྱེ་བོས་ཤེས་མི་འགྱུར། །དེ་ཕྱིར་སངས་རྒྱས་མ་བྱོན་པའི། །ཞིང་ན་སྐུ་གཟུགས་ཡོད་མིན་ཞིང། །མཐའ་ཁོབ་ཀླ་ཀློ་རྣམས་ན་མེད། །བསྟན་པ་ནུབ་ན་ཡོད་མིན་ཞིང། །མུ་སྟེགས་བྱོལ་སོང་སོགས་མི་མཐོང། །དེ་ཕྱིར་སྐུ་གཟུགས་སྤྲུལ་པ་ཡིན། །ཞེས་གསུངས་པ་བཞིན་སངས་རྒྱས་ཀྱི་བསྟན་པ་དར་སར་ལྷ་བཟོ་མཁས་པ་འབྱུང་ལ། མུ་སྟེགས་དར་ཚེ་ལྷ་བཟོ་ངན་པ་དང། ཀླ་ཀློ་དར་ཚེ་ལྷ་བཟོ་གཏན་ནུབ་པར་བཤད་པ་བཞིན་འདི་དག་སངས་རྒྱས་ཀྱི་སྐུ་དངོས་ཀྱི་དོད་ལྟ་བུར་སྤྲུལ་པའི་རིང་བསྲེལ་དུ་བཞག་པ། ཐུགས་བདེ་སྟོང་ཡེ་ཤེས་ཀྱི་དོད་གཟུངས་ལ་དེའི་རིང་བསྲེལ་དུ་བཞག་པ་དང་གོ་དོན་འདྲའོ། །འོན་ཀྱང་ད་ལྟ་གྲགས་ཆེ་བ་རིང་བསྲེལ་བཞིར་བྱས་ཏེ། ཆོས་སྐུའི་རིང་བསྲེལ་སྔར་ལྟར་དང། ཡུངས་འབྲུ་ལྟ་བུ་ཡོངས་གྲགས་ཀྱི་རིང་བསྲེལ། སྐུ་གདུང་གི་རིང་བསྲེལ་གདུང་རུས་སོགས་དང། སྐུ་བལ་གྱི་རིང་བསྲེལ་དབུ་སྐྲ་ན་བཟའ་སོགས་ལ་གསུངས་པ་དང་བསྟུན་ཏེ་འགོད་པ་ལ། ཞེས་གསུངས། “འཕགས་པ་འོད་ཟེར་དྲི་མེད་རྣམ་དག་འོད་ཀྱི་གཟུངས” རྗེ་གུང་ཐང་པའི་བདེ་བར་གཤེགས་བའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་ཕྱག་མཆོད་སྐོར་བའི་ཕན་ཡོན་བསྟན་པ་རྣམ་དཀར་ལས་ལ་སྐུལ་བྱེད་དཀར་ཆག་ལྷའི་རྔ་ཆེན་ཞེས་བྱ་བར་དྲངས་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། བྲམ་ཟེ་ཆེན་པོ་ཁྱོད་སོང་ལ། གྲོང་ཁྱེར་སེར་སྐྱའི་ལས་ཀྱི་སུམ་མདོ་ན་མཆོད་རྟེན་རིང་བསྲེལ་ཅན་རྙིང་པ་རལ་བ་ཞིག་ཡོད་པ་དེ་སླར་བརྩིགས་ཏེ་མཆོད་རྟེན་གྱི་རྩེ་མོར་སྲོག་ཤིང་བཙུགས་ལ། གསང་སྔགས་ཡི་གེར་བྲིས་པ་དེའི་ནང་དུ་བཅུག་སྟེ་མཆོད་པ་བྱས་ནས་གསང་སྔགས་ལན་བདུན་བཏོན་ན། ཁྱོད་ཀྱི་ཚེའང་ཕྱིར་ནུར་ཏེ་འཕེལ་བར་འགྱུར་ལ། འཆི་བའི་དུས་བྱས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་གནས་ལོངས་སྤྱོད་ཆེ་བ་རྣམས་སུ་སྐྱེས་ཏེ་བསྐལ་པ་སྟོང་ཕྲག་བརྒྱའི་བར་དུ་བདེ་བའི་ལོངས་སྤྱོད་ཀྱང་ཕྱིར་འཕེལ་ཞིང་རྒྱས་པར་འགྱུར། དེ་ནས་ཀྱང་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་འགྱུར་ཏེ་བསྐལ་པ་བརྒྱ་སྟོང་དུ་མར་བདེ་བ་ཆེན་པོ་མྱོང་བར་འགྱུར་རོ། །དེ་ནས་ཀྱང་ཤི་འཕོས་ཏེ་རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་ཀྱི་གནས་སུ་སྐྱེ་བར་འགྱུར་ཏེ། དེ་ཡང་བསྐལ་པ་ཆེན་པོ་སྟོང་ཕྲག་བརྒྱའི་བར་དུ་བདེ་བའི་ལོངས་སྤྱོད་མི་ཟད་པ་མྱོང་བར་འགྱུར། ཚེ་རབས་གང་དུ་སྐྱེས་པའི་གནས་ཀུན་ཏུའང་ཡིད་གཞུང་ཞིང་ཚེའི་བར་ཆད་མེད་པ་དང། ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་ནས་དུས་ནམ་དུ་ཡང་སེམས་ཅན་དམྱལ་བར་ལྷུང་བར་མི་འགྱུར་རོ། །རྟག་ཏུ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྱུང་བ་རྣམས་དང་འཕྲད་ཅིང། རྗེས་སུ་དགོངས་བར་མཛད་དོ། །ཞེས་རིང་བསྲེལ་གྱི་སྙིང་པོ་ཅན་དུ་བྱས་ན་ཕན་ཡོན་བསམ་གྱིས་མི་ཁྱབ་བར་གསུངས་པས། ཞེས་སོགས་གསུངས་སོ། །རིང་བསྲེལ་ལ་དོགས་གཅོད་བྱེད་དགོས་པ་འདི་ལྟར་ཡོད་དེ། ཡང་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་འདི་ལྟར་གསུངས་ཏེ། རིང་བསྲེལ་དང་ནི་ཐུགས་དང་ལྗགས། །སྐུ་གཟུགས་ལ་སོགས་རུས་པ་ལས། །འབྱུང་བའི་རྒྱུ་མཚན་ཅུང་ཟད་དཔྱད། །འཕགས་པ་གསུམ་གྱི་རིང་བསྲེལ་ནི། །ཡོན་ཏན་སྟོབས་ཀྱིས་འབྱུང་བ་སྟེ། །ལུས་ཅན་རྣམས་ཀྱི་བསོད་ནམས་རྟེན། །འབྱུང་ཁུངས་ལས་བྱུང་རིན་ཆེན་འདྲ། །རིང་བསྲེལ་ལ་ལ་གདོན་གྱིས་བྱེད། །ལ་ལ་འབྱུང་བཞིའི་སྟོབས་ལས་འབྱུང་། །ཁ་ཅིག་བསྟན་ལ་དགའ་བའི་ལྷས། །དད་པར་བྱ་ཕྱིར་སྤྲུལ་པའང་སྲིད། །དེང་སང་རིང་བསྲེལ་ཕལ་ཆེ་བ། །བརྫུན་མས་བྱས་པའི་རིང་བསྲེལ་ཡིན། །དེས་ན་རྣམ་དབྱེ་མཁས་པས་དཔྱད། །ཐུགས་ལྗགས་སྐུ་གཟུགས་ལ་སོགས་པ། །འབྱུང་བ་ཆོས་ནས་གསུངས་པ་མེད། །འོན་ཀྱང་དེ་འདྲ་འབྱུང་བ་ཀུན། །ཕལ་ཆེར་བརྫུན་མས་བྱས་པ་ཡིན། །གལ་ཏེ་བདེན་པ་ཡིན་ན་ཡང་། །ལུང་རིགས་གཉིས་ཀ་མེད་པའི་ཕྱིར། །བཟང་ངན་གཉིས་ཀར་ལུང་བསྟན་དཀའ། །ཉི་མ་དུ་མ་ཤར་བ་དང་། །མཁའ་ལ་བུ་ག་དོད་པ་དང་། །མཚན་མོ་གཞའ་ཚོན་འབྱུང་བ་དང་། །ལུས་ལ་འོད་ཟེར་འཕྲོ་བ་དང་། །གློ་བུར་ལྷ་འདྲེ་མཐོང་བ་དང་། །གསོན་པོའི་ལུས་ལ་བརྫུན་མེད་པར། །རིང་བསྲེལ་འཛག་པ་ལ་སོགས་པ། །བླུན་པོ་རྟགས་སུ་བྱེད་མོད་ཀྱི། །མཁས་པས་འདི་འདྲ་མཐོང་གྱུར་ན། །བར་ཆད་རྟགས་སུ་ཤེས་པར་གྱིས། །ཞེས་གསུངས། རིང་བསྲེལ་གྱི་སྒྲ་བཤད་ནི། རིང་ནི་ཡུན་རིང་པོ། བསྲེལ་ནི་འཆང་བའམ་ཉར་ཚགས་བྱེད་པའི་དོན་ཏེ། ཡུན་རིང་པོར་ཕྱག་མཆོད་དད་པའི་རྟེན་དུ་ཉར་བར་བྱ་བ་ཡིན་པས་དེ་སྐད་ཅེས་བྱ་བའམ། ཡང་ན་རིང་ནི་རིང་དུའམ་རྒྱ་ཆེན་པོར་ཞེས་པའི་དོན་དང་། བསྲེལ་བ་ལ་གོ་དོན་ལྔ་ཙམ་ཡོད་པ་ལས་འདིར་སྤེལ་བའམ་འཕེལ་བའི་དོན་ཡིན་པས། རྒྱ་ཆེན་པོར་རམ་མང་པོར་འཕེལ་བས་ན་རིང་བསྲེལ་ཞེས་བྱའོ། །དད་པ་ཆེན་པོ་ཡོད་ན་རིང་བསྲེལ་ལམ་སྐུ་གདུང་གི་རིལ་བུ་རྣམས་འཕེལ་གྱི་ཡོད་པས་འཕེལ་གདུང་ཞེས་བཏགས་པ་འདིས་ཀྱང་ཤེས་ནུས་སོ། །བསྲེལ་བ་ཞེས་པའི་ཐད་དུ་གཟིགས།