9554

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་པོ་མ་སྐྱེས་དགྲ
Tibetan Definition (འདུལ་བ) <ཨཛཱཏ་ཤཏྲུ> བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་དུས་ཀྱི་རྒྱ་གར་གྱི་ནང་པའི་རྒྱལ་པོ་གྲགས་ཅན་ཞིག ལེགས་སྦྱར་དུ་འདི་ལ་ཨཛཱཏ་ཤ་ཏྲུ་Ajatashatru ཟེར། ཁོང་གི་ཡབ་ཀྱི་མཚན་ལ་བིམྦི་ས་ར Bimbhisara ཟེར། འདིའི་རྒྱལ་པོའི་ཕོ་བྲང་གི་ཤུལ་ནི། བྱ་རྒོད་ཕུང་པོའི་རི་ལ་འགྲོ་བའི་ལམ་དུ་ཆུ་ཚན་ཞིག་ཡོད་པ་དེ་དང་ཐག་ཉེར་ཡོད། ཕོ་བྲང་གི་ཤུལ་ཡོད་ས་དེར་གནའ་བོ་རྒྱལ་པོའི་ཁབ་གསར་པ་ཟེར་བ་ཡིན་འདུག འདིའི་ལོ་རྒྱུས་རྒྱས་པ་ནི། འདུལ་བ་ལུང་གཞི་༼ ང་པ ༽༢༡༤ན༧ལས། གང་གི་ཚེ་མ་སྐྱེས་དགྲས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་རྡོ་རྗེ་རྩེ་གཅིག་པ་འཕངས་པ་དེའི་ཚེ་རྒྱལ་པོས་དེ་ལ་སྤྱོས་ནས་གཞོན་ནུ་ཅིའི་ཕྱིར་ཁྱོད་ཀྱིས་ང་ལ་རྡོ་རྗེ་རྩེ་གཅིག་པ་འཕངས། དེས་སྨྲས་པ། ལྷ་ཚིག་པ་འཚལ་བའི་ (ཟ་བའི) སླད་དུ་སྟེ། ལྷ་ལ་ནི་ལོངས་སྤྱོད་མངའ་ན་བདག་ལ་མ་མཆིས་སོ། །རྒྱལ་པོས་སྨྲས་པ། བུ་གལ་ཏེ་དེ་ལྟ་ན་སོང་ལ་ཙམ་པ་གཞི་དང་བཅས་པ་ཁྱོད་ཀྱི་ཡིན་ནོ། །དེ་དགའ་བ་དང༌། མགུ་བ་དང༌། རབ་ཏུ་དགའ་བས་ལྷ་སྦྱིན་གྱི་དྲུང་དུ་སོང་སྟེ་སྨྲས་པ། འཕགས་པ་བདག་གིས་ཙམ་པ་གཞི་དང་བཅས་པ་ཐོབ་བོ། །དེས་སྨྲས་པ། གཞོན་ནུ་ཁྱོད་ཀྱིས་ཕ་རོལ་གནོན་པའི་འབྲས་བུ་མཐོང་ངམ། འཕགས་པ་མཐོང་ངོ་། །ད་དུང་ཡང་ཕ་རོལ་གནོན་པ་གྱིས་ཤིག་དང༌། ཁྱོད་ཀྱི་མངོན་པར་འཕེལ་བར་འགྱུར་རོ། །དེས་ཙམ་པར་དཔྱ་བབ་པས་གཙེ་བར་བརྩམས་ཏེ་གཙེས་པ་ན་སྐྱེ་བོའི་ཚོགས་འབྲོས་པ་ལ་ཞུགས་ཏེ། ཁ་ཅིག་ནི་རྒྱལ་པོའི་ཁབ་ཏུ་དོང་ངོ་། །ཁ་ཅིག་ནི་ཡུལ་གཞན་དུ་དོང་ནས་བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་ཕོ་ཉས་བཟླུགས་པ། ལྷ་གཞོན་ནུས་ཙམ་པའི་སྐྱེ་བོ་གཙེས་ཏེ། གཙེས་པ་ན་འབྲོས་ལགས་ཀྱིས། ལྷ་གཞོན་ནུ་དེ་ལས་བཟློག་པར་མཛད་པའི་རིགས་སོ། །རྒྱལ་པོས་སྨྲས་པ། གཞོན་ནུ་ཅིའི་ཕྱིར་ཡུལ་མི་ལ་གནོད་པར་བྱེད། དེས་སྨྲས་པ། ལྷ་དཔུང་རྒྱས་པར་མི་འགྱུར་ལགས་སོ། །རྒྱལ་པོས་སྨྲས་པ། གཞོན་ནུ་གལ་ཏེ་དེ་ལྟ་ན་རྒྱལ་པོའི་ཁབ་འབའ་ཞིག་མ་གཏོགས་པར་ཡུལ་མ་ག་དྷཱ་ཁྱེར་ཅིག །དེས་ཡུལ་མ་ག་དྷཱ་བླངས་ནས་ལྷ་སྦྱིན་གྱི་དྲུང་དུ་དོང་སྟེ་སྨྲས་པ། འཕགས་པ་བདག་གིས་རྒྱལ་པོའི་ཁབ་འབའ་ཞིག་མ་གཏོགས་པ་ཡུལ་མ་ག་དྷཱ་ཐམས་ཅད་ཐོབ་བོ། །དེས་སྨྲས་པ། གཞོན་ནུ་ཕ་རོལ་གནོན་པའི་འབྲས་བུ་ནི་དེ་འདྲས་ཡང་ཕ་རོལ་གནོན་པ་གྱིས་ཤིག །དེས་ཡུལ་མ་ག་དྷཱ་བརླག་པར་བྱ་བར་བརྩམས་པ་ན་ཡུལ་མ་ག་དྷཱ་ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་གསོལ་པ། ལྷ་གཞོན་ནུས་ཡུལ་མ་ག་དྷཱ་བརླག་པར་བགྱིས་ཀྱིས་བཟློག་མཛོད་ཅིག །རྒྱལ་པོས་དེ་བཀུག་སྟེ་སྨྲས་པ། གཞོན་ནུ་ཅིའི་ཕྱིར་ཡུལ་མ་ག་དྷཱ་བརླག་པར་བྱ། དེས་སྨྲས་པ། ལྷ་བདག་གི་སྐྱེ་བོའི་ཚོགས་ཕལ་མོ་ཆེ་རྒྱས་པར་མི་འགྱུར་ལགས་སོ། །རྒྱལ་པོས་སྨྲས་པ། གཞོན་ནུ་གལ་ཏེ་དེ་ལྟ་ན་མཛོད་ཅིག་མ་གཏོགས་པ་ཐམས་ཅད་ཁྱོད་ཁོ་ནའི་ཡིན་ནོ། །དེས་རྒྱལ་པོའི་ཁབ་ཀྱང་བླངས་ནས་ལྷ་སྦྱིན་གྱི་དྲུང་དུ་སོང་སྟེ་སྨྲས་པ། འཕགས་པ་བདག་གིས་མཛོད་ཅིག་མ་གཏོགས་པར་ལོངས་སྤྱོད་ཐམས་ཅད་ཐོབ་བོ། །དེས་སྨྲས་པ། ཕ་རོལ་གནོན་པའི་འབྲས་བུ་དེ་ཡིན་མོད་ཀྱི་འོན་ཀྱང་རྒྱལ་པོ་རྣམས་ནི་མཛོད་ཀྱི་མཐུ་ཅན་ཡིན་ཏེ། གང་ལ་མཛོད་ཡོད་པ་དེ་རྒྱལ་པོ་ཡིན་པས་མཛོད་ཀྱི་ཕྱིར་ཕ་རོལ་གནོན་པ་གྱིས་ཤིག  །དེས་རྒྱལ་པོའི་ཁབ་ཀྱང་བརླག་པར་བྱ་བར་བརྩམས་པ་ན་རྒྱལ་པོའི་ཁབ་ན་གནས་པའི་སྐྱེ་བོའི་ཚོགས་དང༌། ཡུལ་མ་ག་དྷཱ་ན་གནས་པའི་སྐྱེ་བོའི་ཚོགས་དང༌། ཙམ་པ་པ་ཐམས་ཅད་སྐྲག་པར་གྱུར་ནས། ཇི་ལྟར་མ་སྐྱེས་དགྲས་མི་མཐོང་བ་དེ་ལྟར་ཕོ་ཉ་བཏང་སྟེ་རྒྱལ་པོ་ལ་གསོལ་པ། ལྷས་བདག་ཅག་བུ་བཞིན་དུ་སོ་སོར་བསྐྱངས་ན་གཞོན་ནུས་མ་འོས་པ་བཞིན་དུ་བཀྲེན་པར་བགྱིས་པས་ལྷའི་ཡུལ་མི་ཕལ་ཆེར་བྲོས་ལགས་ཏེ། བདག་ཅག་ཀྱང་འབྲོས་པར་འཚལ་ལགས་སོ། །རྒྱལ་པོ་སྙིང་རྗེའི་བདག་ཉིད་ཅན་ཆོས་གཙོར་བྱེད་པ་དེ་མི་བདེ་བ་སྐྱེས་ནས་མ་སྐྱེས་དགྲ་བཀུག་སྟེ། དགའ་བ་དང་། སྙན་པ་དང༌། རྗེས་སུ་མཐུན་པའི་ཚིག་གིས་མགོ་ལ་བྱུགས་ཏེ་སྨྲས་པ། བུ་ངས་ཁྱོད་ལ་ཡུལ་ཐམས་ཅད་བྱིན་ན་ཅིའི་ཕྱིར་ཡི་ཆད་པར་བྱ་སོ་སོར་སྐྱོངས་ཤིག །དེས་སྨྲས་པ། ལྷ་རྒྱལ་པོ་རྣམས་ནི་མཛོད་ཀྱི་མཐུ་ཅན་ལགས་ན། བདག་ལ་མཛོད་ཀྱི་མཐུ་མ་མཆིས་ན་ཇི་ལྟར་བགྱི། དེས་སྨྲས་པ། གལ་ཏེ་དེ་ལྟ་ན་བཙུན་མོའི་འཁོར་མ་གཏོགས་པ་ཐམས་ཅད་ཁྱོད་ཁོ་ནའི་ཡིན་ནོ། །འོན་ཀྱང་རང་བཞིན་ངན་ཅིང་སྡིག་པའི་གྲོགས་པོ་ཅན་དེ་འདུག་ཏུ་མི་བཏུབ་ཅིང་བརླག་པ་ཁོ་ནར་བྱེད་དོ། །རྒྱལ་པོས་སྤྱོ་བ་དང་བཅས་པས་སྨྲས་པ། བང་མཛོད་དང༌། མཛོད་དང༌། ཡུལ་ཐམས་ཅད་ཁྱོད་ཁོ་ན་ལ་བྱིན་ན་ཅིའི་ཕྱིར་ད་དུང་རླག་པར་བྱེད། དེ་སྐད་ཅེས་སྨྲས་པ་དང་དེ་ཁྲོས་ནས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ལ་སྨོད་པ་གང་ཡིན་པ་དེ་ལ་ཆད་པ་ཅིས་གཅད། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་ཆད་པར་དགུམ་ལགས་མོད། དེས་སྨྲས་པ། དེ་ངའི་ཡབ་ཡིན་པས་ཇི་ལྟར་གསད་ཀྱིས། དེང་ལ་དེ་བཟུང་སྟེ་ཕྱག་སྦལ་དུ་ཆུག་ལ་ཞོག་ཤིག །དེ་ཕྱག་སྦལ་དུ་བཅུག་པ་དང༌། རྒྱལ་པོ་དེ་ལ་གྲོང་མི་རྣམས་དགའ་བས་ཡུལ་དེ་ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་ཐོས་ནས་ཡིད་མི་བདེ་བར་གྱུར་ན་མ་སྐྱེས་དགྲ་གཏུམ་པ་དང༌། བརླང་བ་དང༌། གཟུ་ལུམས་ཆེ་བས་དེ་ལ་སུ་ཡང་ཁ་ཟེར་མི་ཕོད་དོ། །རྒྱལ་པོ་གཟུགས་ཅན་སྙིང་པོ་ཕྱག་སྦལ་ན་ལས་ཁོ་ན་ལ་རྟེན་ཅིང་འདུག་པ་དེ་ལ་ལུས་འཕགས་མས་སྣོད་དུ་བཙོས་བསྐྱེལ་བར་བྱེད་དོ། །མ་སྐྱེས་དགྲས་བཙོན་སྲུངས་རྣམས་ལ་དྲིས་པ། ཤེས་ལྡན་དག་རྒྱལ་པོ་བགྲེས་པོ་ཇི་ལྟར་འཚོ་བར་བྱེད། དེ་རྣམས་ཀྱིས་སྨྲས་པ། ལྷ་ཁྱོད་ཀྱི་ཡུམ་གྱིས་སྣོད་ནས་བཙོས་པ་སྐྱེལ་ལགས་སོ། །མ་སྐྱེས་དགྲས་བསྒོ་བ། ཕྱིན་ཆད་བཟའ་བ་དང་བཏུང་བ་ཇི་ལྟར་ཡང་སྐྱེལ་བར་མི་འགྱུར་བར་ཁོག་ཤིག །བཙུན་མོ་རྣམས་ལ་ཡང་བསྒོ་བ། སུས་ཀྱང་ཕྱག་སྦལ་དུ་བཟའ་བ་དང་བཏུང་བ་བསྐྱལ་བར་མི་བྱའོ། །གང་ཞིག་སྐྱེལ་ན་དེ་ཆད་པས་གསད་དོ། །དེ་ཞེ་གནག་པའི་ལས་ཅན་ཡིན་པར་ཤེས་པས་སུ་ཡང་ཁ་ཟས་སྦྱོར་བ་ཡང་མི་བྱེད་ན་སྐྱེལ་བ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་ལུས་འཕགས་མ་ཁྱིམ་ཐབ་ལ་སྡུག་པར་འཆུམས་པའི་སྙིང་གིས་ཕྱེའི་འདེ་གུས་ལུས་་བྱུགས་ཤིང་རྐང་གདུབ་ཀྱི་སྦུབས་ཆུས་བཀང་ནས་བསྐྱལ་བར་བརྩམས་ཏེ་དེ་དེས་འཚོ་བར་བྱེད་དོ། །བཙོན་སྲུངས་ཀྱི་མི་རྣམས་ཀྱིས་དེའི་ཐབས་ཤེས་མོད་ཀྱི་རྒྱལ་པོ་དེལ་དགའ་བས་མཐོང་ཡང་མ་སྐྱེས་དགྲལ་མ་སྦྲན་ཏོ། །ཇི་ཙམ་ན་ཡང་མ་སྐྱེས་དགྲས་བཙོན་སྲུངས་ཀྱི་མི་རྣམས་ལ་སྨྲས་པ། ཤེས་ལྡན་དག་རྒྱལ་པོ་བགྲེས་པོ་ཇི་ལྟར་འཚོ་བར་བྱེད། དེ་རྣམས་ཀྱིས་རྒྱས་པར་སྨྲས་པ་དང༌། དེས་སྨྲས་པ། ཤེས་ལྡན་དག་ལུས་འཕགས་མ་ཇི་ལྟར་ཡང་ཕྱིས་སྐྱེལ་བར་མི་འགྱུར་བར་ཁོག་ཤིག །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་སྐར་ཁུང་གི་དྲང་ཐད་ཀྱི་བྱ་རྒོད་ཀྱི་ཕུང་པོའི་རི་ལ་འཆག་པར་བརྩམས་ནས། རྒྱལ་པོ་གཟུགས་ཅན་སྙིང་པོས་སྐར་ཁུང་ནས་དྲང་ཐད་ཀྱི་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཅོམ་ལྡན་འདས་གང་ན་བ་ལ་བལྟས་ནས་དགའ་བ་སྐྱེད་པས་དེས་ན་སྲོག་དང་བྲལ་བར་མ་གྱུར་ཏོ། །མ་སྐྱེས་དགྲས་ཡང་བཙོན་སྲུངས་ཀྱི་མི་རྣམས་ལ་སྨྲས་པ། ཤེས་ལྡན་དག་བཟའ་བ་དང་བཏུང་བ་ནི་བཀག་ན་ད་ལྟར་རྒྱལ་པོ་བགྲེས་པོ་ཇི་ལྟར་འཚོ་བར་བྱེད། དེ་རྣམས་ཀྱིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་དེ་རྗེས་སུ་གཟུང་བའི་སླད་དུ་སྐར་ཁུང་གི་དྲང་ཐད་ཀྱི་བྱ་རྒོད་ཀྱི་ཕུང་པོའི་རི་ལ་འཆག་པར་མཛད་པ་དེ་ལ་དེ་གདུགས་རེ་རེ་ཞིང་བཞེངས་ནས་གཟིགས་ལགས་སོ། །དེས་སྨྲས་པ། སྐར་ཁུང་ཁོག་ལ་དེའི་རྐང་པ་གཉིས་ཀྱང་སྤུ་གྲིས་དྲོས་ཤིག །དེ་རྣམས་ཀྱིས་སྐར་ཁུང་དག་བཀག་དེའི་རྐང་པ་གཉིས་ཀྱང་སྤུ་གྲིས་དྲས་པ་དང་དེ་སྡུག་བསྔལ་གྱི་ཚོར་བས་གདུངས་པས་མཆི་མས་བརྣངས་ཤིང་སྐད་འགགས་ལ་མིག་མཆི་མས་གང་བས་བསམས་པ། བདག་སྡུག་བསྔལ་མི་བཟད་པ་དོག་པ་ཐོབ་ན་བཅོམ་ལྡན་འདས་ཀྱིས་མ་དགོངས་པ་ལྟ་ཞིག་སྙམ་མོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དེ་ལྟ་བུ་མི་མཁྱེན་པའམ། མི་གཟིགས་པའམ། ཐུགས་སུ་མི་ཆུད་པའམ། རྣམ་པར་མི་མཁྱེན་པ་ཅི་ཡང་མི་མངའོ། །ཆོས་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་པར་ཞུགས་པ། བསྲུང་བ་གཅིག་པུ་པ། ཉག་གཅིག་དཔའ་བ། ཟླ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང་ལྷག་མཐོང་གིས་བཞུགས་པ། དུལ་བའི་གནས་གསུམ་གྱི་གཞི་ལ་མཁས་པ། ཆུ་བོ་བཞི་ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་ཀྱི་མཐིལ་ལེགས་པར་གནས་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་ཡོངས་སུ་སྦྱང་བ་མཛད་པ། ཡན་ལག་ལྔ་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་གྱི་ཡན་ལག་བརྒྱད་སྟོན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་སྙན་པས་ཡང་དག་པར་རྒྱས་པ། བརྒྱ་ཕྲག་བཅུར་དབང་སྒྱུར་བ་ལས་ཁྱད་པར་དུ་འཕགས་པ་རྣམས་ནི་སངས་རྒྱས་ཀྱི་སྤྱན་གྱིས་ཉིན་ལན་གསུམ་མཚན་ལན་གསུམ་དུ་འཇིག་རྟེན་ལ་རྣམ་པར་གཟིགས་ནས་གང་ནི་ཉམས། གང་ནི་འཕེལ། གང་ནི་མི་བཟད་པར་གྱུར། གང་ནི་དོག་པར་གྱུར། གང་ནི་སྡུག་བསྔལ་བར་གྱུར། གང་ནི་མི་བཟད་པ་དང་དོག་པ་དང་སྡུག་བསྔལ་བར་གྱུར། གང་ནི་ངན་སོང་ལ་གཞོལ། གང་ནི་ངན་སོང་ལ་འབབ། གང་ནི་ངན་སོང་ལ་བབ། ངས་གང་ནི་ངན་སོང་ནས་དྲངས་ཏེ་མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། གང་གི་དགེ་བའི་རྩ་བ་དག་མ་བསྐྱེད་པ་ནི་བསྐྱེད་པར་བྱ། གང་གི་དགེ་བའི་རྩ་བ་བསྐྱེད་པ་དག་ནི་ཡོངས་སུ་སྨིན་པར་བྱ། གང་གི་ཡོངས་སུ་སྨིན་པ་ནི་རྣམ་པར་གྲོལ་བར་བྱ་ཞེས་ཡེ་ཤེས་གཟིགས་པ་ལ་འཇུག་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽད་གལ་གྱི་བུ་སོང་ལ་ངའི་ཚིག་གིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ནད་མེད་པར་གྱུར་ཅིག་ཅེས་བྱོས་ལ་འདི་སྐད་ཅེས་བཅོམ་ལྡན་འདས་ཀྱི་ཞལ་ནས་དགེ་བའི་བཤེས་གཉེན་གྱིས་བྱ་བ་གང་ཡིན་པ་དེ་ངས་ཁྱོད་ལ་མཛད་ཟིན་ཏེ། ཁྱོད་སེམས་ཅན་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། ཡི་དྭགས་རྣམས་ནས་ནི་རྐང་པ་དྲངས། ལྷ་དང་མི་རྣམས་སུ་ནི་རབ་ཏུ་བཞག །འཁོར་བའི་ནི་མཐར་བྱས། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་བོ་ལས་ནི་བསྒྲལ། ངན་སོང་རྣམས་ཀྱི་སྒོ་ནི་བཅད། མཐོ་རིས་དང་ཐར་པའི་སྒོ་རྣམས་ནི་ཕྱེ་ན། འོན་ཀྱང་ཁྱོད་ཉིད་ཀྱི་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བའི་ལས་དག་ཁྱོད་ཉིད་ཀྱིས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། རྒྱལ་པོ་ཆེན་པོ་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ཁོ་ན་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་ལས་ཀྱི་སྐྱབས་ཅན་དུ་གྱིས་ཤིག་ཅེས་གསུང་ངོ་། །ཞེས་བྱོས་ཤིག །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ལས་མཉན་ནས་ཇི་ལྟར་སེམས་མཉམ་པར་བཞག་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལས་མི་སྣང་བར་གྱུར་ཏོ། །ཕྱག་སྦལ་དུ་རྒྱལ་པོ་གཟུགས་ཅན་སྙིང་པོའི་མདུན་དུ་འདུག་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་བཅོམ་ལྡན་འདས་ཀྱི་ཞལ་ནས་ཁྱོད་ནད་མེད་པར་གྱུར་ཅིག་ཅེས་གསུང་ངོ་། །བཙུན་པ་མཽད་གལ་གྱི་བུ་ཆེན་པོ་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །རྒྱལ་པོ་ཆེན་པོ་བཅོམ་ལྡན་འདས་ཀྱི་ཞལ་ནས་འདི་སྐད་ཅེས། དགེ་བའི་བཤེས་གཉེན་གྱིས་བྱ་བ་གང་ཡིན་པ་དེ་ངས་ཁྱོད་ལ་མཛད་དེ། ཁྱོད་སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་རྣམས་ནས་ནི་རྐང་པ་དྲངས། ལྷ་དང་མི་རྣམས་སུ་ནི་རབ་ཏུ་བཞག །འཁོར་བའི་ནི་མཐར་བྱས། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་བོ་ལས་ནི་བསྒྲལ། ངན་སོང་རྣམས་ཀྱི་སྒོ་ནི་བཅད། མཐོ་རིས་དང་ཐར་པའི་སྒོ་རྣམས་ནི་ཕྱེ་ན། འོན་ཀྱང་ཁྱོད་ཉིད་ཀྱི་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ་གདོན་མི་ཟ་བར་འབྱུང་བར་འགྱུར་བའི་ལས་དག་ཁྱོད་ཉིད་ཀྱིས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། རྒྱལ་པོ་ཆེན་པོ་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར༑ མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ཁོ་ན་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་ཁྱོད་ཀྱིས་ལས་ཀྱི་སྐྱབས་ཅན་དུ་གྱིས་ཤིག་ཅེས་གསུང་ངོ་། །དེ་ཕྱག་སྦལ་དུ་བཅུག་པ་དང༌། སྤུ་གྲིས་རྐང་པ་དྲས་པ་དང༌། བཟའ་བ་དང་བཏུང་བ་དང་བྲལ་བའི་སྡུག་བསྔལ་གྱིས་ཉེན་པས་སྨྲས་པ། བཙུན་པ་མཽད་གལ་གྱི་བུ་ཆེན་པོ་གང་ན་ཁ་ཟས་བཟང་པོ་འཚལ་ལགས། དེས་སྨྲས་པ། རྒྱལ་པོ་ཆེན་པོ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ནའོ་ཞེས་སྨྲས་ནས། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཇི་ལྟར་སེམས་མཉམ་པར་བཞག་ན་ཕྱག་སྦལ་དེ་ནས་མི་སྣང་བར་གྱུར་ཏེ། བྱ་རྒོད་ཀྱི་ཕུང་པོ་ལ་ཕྱིན་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །མ་སྐྱེས་དགྲའི་བུ་འཆར་བྱེད་བཟང་པོའི་མཛུབ་མོ་ལ་ཕོལ་མིག་བྱུང་བས་དེ་ངུ་བར་གྱུར་ནས་མ་སྐྱེས་དགྲས་དྲུང་དུ་སོང་སྟེ། དེས་དེ་པང་པར་བཞག་ནས་མགུལ་ནས་འཁྱུད། འོ་བྱས། ཀུན་ཏུ་འཁྱུད་ན་འོན་ཀྱང་དེ་ངུ་སྟེ་འདུག་ཏུ་མི་བཏུབ་བོ། །དེ་ནས་མ་སྐྱེས་དགྲས་དེའི་མཛུབ་མོ་ཁར་བཅུག་པ་དང༌། ཕོལ་མིག་ཁར་རྡོལ་ནས་མ་སྐྱེས་དགྲས་རྣག་ཁྲག་ས་ལ་ཕོའོ། །གཞོན་ནུ་འཆར་བྱེད་བཟང་པོས་རྣག་ཁྲག་དེ་མཐོང་ནས་ལྷག་པར་ངུ་བར་བརྩམས་པ་དང༌། བཙུན་མོ་ལུས་འཕགས་མས་འཛུམ་ཕྱུང་བ་མ་སྐྱེས་དགྲས་མཐོང་ནས་སྨྲས་པ། ཡུམ་འདི་ཇི་ལྟ་བུ་ཞིག །དེས་སྨྲས་པ། བུ་ནད་འདི་ནི་ཁྱེད་ཀྱི་ཡབ་མེས་བརྒྱུད་དེ་འོངས་པ་ཡིན་ཏེ། ཁྱོད་ཀྱང་དེ་ལྟར་གྱུར་པ་ན་ཁྱོད་ཀྱི་ཡབ་ཀྱིས་མཛུབ་མོ་ཁར་བཅུག་པ་དང༌། ཕོལ་མིག་རྡོལ་ནས་ཁྱོད་མི་ངུ་བར་བྱ་བའི་ཕྱིར་རྣག་ཁྲག་ས་ལ་མ་ཕོ་བར་ཁོང་དུ་མིད་དོ་དེས་སྨྲས་པ། ཡུམ་བདག་གི་ཡབ་འདི་འདྲ་བར་བྱམས་པར་གྱུར་ཏམ། དེས་སྨྲས་པ། དེ་འདྲའོ། །དེ་ནས་མ་སྐྱེས་དགྲ་ཕ་ལ་ཞེ་སྡང་གི་ཀུན་ནས་དཀྲིས་པ་དང་བྲལ་ཞིང་རྗེས་སུ་ཆགས་པ་སྐྱེས་ཏེ། དེས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་གང་ཞིག་ང་ལ་རྒྱལ་པོ་བགྲེས་པོ་གསོན་ནོ་ཞེས་ཟེར་བ་དེ་ལ་ངས་རྒྱལ་སྲིད་ཕྱེད་སྦྱིན་ནོ། །རྒྱལ་པོ་དེ་ལ་གྲོང་མི་དང་ཡུལ་མི་རྣམས་དགའ་བ་ཡིན་པས་སྐྱེ་བོའི་ཚོགས་ཆེན་པོས་ཕྱག་སྦལ་ལོགས་སུ་བརྒྱུགས་པའི་སྒྲ་རྒྱལ་པོས་ཐོས་ནས་བསམས་པ། ད་ནི་གནོད་པ་མི་བཟད་པ་ཅི་ཞིག་བྱེད་པར་འགྱུར་རོ་སྙམ་སྟེ། སྐྲག་ནས་ཤུགས་ནར་ཞེས་ཕྱུང་སྟེ་ཤི་བ་དང༌། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་བུར་སྐྱེས་ཏེ་པང་དུ་འདུག་ནས་ལྷའི་བདུད་རྩིས་ལོངས་སྤྱོད་པར་བྱེད་དོ། །རྣམ་ཐོས་ཀྱི་བུས་སྨྲས་པ། ཁྱོད་སུ་ཞིག །དེས་བདག་ནི་རྒྱལ་བ་ཁྱུ་མཆོག་ལགས་སོ། །ཞེས་སྨྲས་པས། དེའི་མིང་རྒྱལ་བ་ཁྱུ་མཆོག་རྒྱལ་བ་ཁྱུ་མཆོག་ཅེས་བྱ་བར་གྲགས་སོ། །ཞེས་གསུངས་པ་ལྟར་རོ། །བཅོམ་ལྡན་འདས་ཀྱིས་རྒྱལ་པོ་འདི་ཉིད་ཀྱི་ཆེད་དུ་༼ མ་སྐྱེས་དགྲའི་འགྱོད་པ་བསལ་བ་ཞེས་བྱ་བ་མདོ ༽གསུངས་ལ། རྒྱལ་པོ་འདི་བྱ་རྒོད་ཕུང་པོའི་རིར་༼ དམ་ཆོས་པདྨ་དཀར་པོའི་མདོ ༽ གསུངས་པའི་འཁོར་དུའང་ཡོད། འདུལ་བ་ལུང་གཞི་༼ ང་པ ༽༢༡༡བ༢ ལས། རྒྱལ་པོ་མ་སྐྱེས་དགྲར་ངན་སྐུལ་བྱས་ཏེ་རང་གི་ཕ་བསད་པ་སོགས་ཀྱི་མཚམས་མེད་ཀྱི་ལས་ལ་སྦྱོར་མཁན་ནི། ལྷས་བྱིན་ཉིད་ཡིན་པ་ནི་འདུལ་བ་ལུང་གཞི་དང་དྲིན་ལན་བསབ་པའི་མདོ་སོགས་ན་གསལ་ལོ། །སྒྲ་བཤད་ནི། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། མ་སྐྱེས་དགྲ་ཞེས་བྱ་བ་ནི་མིང་སྟེ་མའི་མངལ་ན་གནས་པ་ཉིད་ནས་ཕའི་རྒྱབ་ཀྱི་ཤ་ཟ་བ་སོགས་པས་མིང་དེ་སྐད་བཏགས་ཏེ། དེ་ཡང་གཞུང་འདི་ཉིད་ལས་འོག་ནས་འབྱུང་ངོ་། །ཞེས་གསུངས་སོ། །འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༣༨ན༤ལས་ཀྱང་། མ་སྐྱེས་དགྲ་ཞེས་བྱ་བ་ནི་མིང་སྟེ་མངལ་ན་གནས་པ་ཉིད་ཀྱིས་ཕ་ལ་དགྲ་ཉིད་བྱེད་པའི་ཕྱིར། ཞེས་གསུངས། རྒྱལ་པོ་འདིས་ཐོག་མར་རང་གི་ཕ་བསད་པ་དང་། དགེ་འདུན་གྱི་དབྱེན་ཕྱེ་བ་དང་། གླང་པོ་ཆེ་བཀྱེ་བ། རྡོའི་འཁོར་ལོ་འཕངས་པ་སོགས་ཀྱིས་ལས་ཤིན་ཏུ་ཚབས་ཆེ་བ་བྱས་ན་ཡང་ཕྱིས་འགྱོད་སེམས་དྲག་པོ་སྐྱེས་ནས་ལས་ཀྱི་རྣམ་སྨིན་ཧ་ཅང་ཡང་དུ་སོང་བའི་ལོ་རྒྱུས་ཡོད། ལས་རྣམ་པར་འབྱེད་པ་ཞེས་བྱ་བའི་མདོ་༼ ས ༽༢༨༢བ་༤ལས། དེ་ལ་ལས་གང་དང་ལྡན་ན་གང་ཟག་སེམས་ཅན་དམྱལ་བར་སྐྱེས་མ་ཐག་ཏུ་ཚེ་འཕོ་བར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན། དེ་ནི་འདི་ལ་གང་ཟག་ལ་ལས་སེམས་ཅན་དམྱལ་བའི་ལས་བྱས་ཤིང་བསགས་པ་ན། ལས་དེ་བྱས་པས་ངོ་ཚ་བར་འཛིན་ལ་འགྱོད་ཅིང་སྨོད་པ་དང་འཆགས་ཤིང་མཐོལ་ལ་ཕྱིན་ཅད་མི་བྱའོ་ཞེས་སྡོམ་པར་བྱེད་པས། བརྒྱ་ལ་སེམས་ཅན་དམྱལ་བར་སྐྱེས་ན་ཡང་སྐྱེས་མ་ཐག་ཏུ་ཚེ་འཕོ་བར་འགྱུར་བ་སྟེ། དཔེར་ན་རྒྱལ་པོ་མ་སྐྱེས་དགྲས། མཚམས་མེད་པའི་ལས་ཕ་བསད་པ་དང་། དགེ་འདུན་ཕྱེ་བ་དང་། གླང་པོ་ཆེ་བཀྱེ་བ་དང་། རྡོའི་འཁོར་ལོ་འཕངས་པ་ལྟ་བུ་སྟེ། ལས་དེས་མནར་མེད་པའི་སེམས་ཅན་དམྱལ་བར་འགྲོ་བར་ཐོས་ནས། དེ་མི་དགའ་སྟེ། སེམས་མོས་པར་བྱས་པ་དང་དགེ་སྦྱོང་གི་འབྲས་བུའི་མདོ་ལས་སྡིག་གཤེགས་ཏེ། དགེ་བའི་རྩ་བ་བསགས་པ་དང་ཚེ་འཕོ་ཀར་རུས་པ་ཡན་ཅད་ཀྱང་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་གསོལ་བ་ལྟ་བུ་སྟེ། དེ་སྐད་དུ། ཤིན་ཏུ་མི་བཟད་ལས་རྣམས་བྱས་པ་ནི། །བདག་ལ་སྨོད་དང་རབ་ཏུ་བཤགས་པ་དང་། །སྡོམ་པར་བྱེད་པས་དེ་དག་སྲབས་འགྱུར་གྱིས། །ཤིན་ཏུ་རྩ་ནས་ཕྱིན་ནས་མི་སྨྲའོ། །ཞེས་གསུངས་པ་ལྟ་བུ་སྟེ། ལས་དེ་ལྟ་བུ་དང་ལྡན་ན་གང་ཟག་སེམས་ཅན་དམྱལ་བར་སྐྱེས་མ་ཐག་ཏུ་ཚེ་འཕོ་བར་འགྱུར་བའོ། །ཞེས་གསུངས་སོ། །འདིའི་སྐབས་ཡུལ་ཁྲིམས་ཡང་ཤིན་ཏུ་བཙན་པར་སྣང་སྟེ། ལོག་གཡེམ་དང་རྐུ་སོགས་བྱས་ན་སྲོག་ཐོག་གི་ཆད་པ་གཅོད་ཀྱི་ཡོད་པའི་སྐོར། ཚོམས་ཀྱི་འགྲེལ་པ་༼ ཏུ ༽༡༢༩ན༡ན་གསལ་ཏེ། རྒྱལ་པོའི་ཁབ་ན་གཞན་གྱི་བུད་མེད་ལ་འགྲོ་བའི་སྐྱེས་བུ་གཞན་གྱི་ཆུང་མ་དང་དགའ་བར་སྤྱོད་ཅིང་འདུག་པ་ལ་རྒྱལ་པོའི་སྐྱེས་བུས་བཟུང་ནས་མ་སྐྱེས་དགྲས་གཤེད་མ་ལ་གཏད་དེ། ལག་པ་དང་རྐང་པ་དང་སྐྱེས་པའི་དབང་པོ་དང་ཕྲལ་ནས་དུར་ཁྲོད་ཀྱི་གནས་སུ་བསྐྱལ་ལོ། །དེ་བཀྲེས་པ་དང་སྐོམ་པ་ལ་སོགས་པས་ཉེ་བར་གདུངས་བཞིན་དུ་དེ་ནས་ཤི་བའི་དུས་ཏེ་དམྱལ་བར་སྐྱེས་པ་དེའི་དབང་དུ་མཛད་ནས་འདི་གསུངས་སོ། །ཞེས་དང་། ༡༧༢བ༧ལས་ཀྱང་། རྒྱལ་པོ་མ་སྐྱེས་དགྲས་ཀར་ཥ་པ་ཎའི་བཞི་ཆ་བརྐུས་པ་ཙམ་དང་། གཞན་གྱིས་བསྒྱུར་བ་ཙམ་གྱིས་ཀྱང་གསོད་པར་བྱེད་དོ། །ཞེས་གསུངས། རྒྱལ་པོ་འདི་ཚེ་སྟོད་ལ་ཤིན་ཏུ་གཏུམ་པ་ཞིག་ཡིན་རུང་། ཚེ་སྨད་ལ་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ་ཆོས་དང་མཐུན་པའི་རྒྱལ་པོ་ཞིག་ཏུ་གྱུར་ཏོ། །ཡང་། རྒྱལ་པོ་མ་སྐྱེས་དགྲ་ལ་སྟོང་ཉིད་ཀྱི་བག་ཆགས་ཤིན་ཏུ་ཆེ་བ་ཡོད་པས། གདུགས་ཚོད་གཅིག་གི་སྐབས། འཇམ་དབྱངས་ལ་གོས་གསེར་སྲང་སྟོང་རི་བ་ཞིག་ཕུལ་བས། དེ་འབུལ་བའི་ཡུལ་མ་རྙེད་པར་སྟོང་པར་ཡལ་བ་ན། རྒྱལ་པོ་རང་གིས་གྱོན་པས་རང་ཉིད་ཀྱང་ཡལ་ཏེ་སྟོང་ཉིད་རྟོགས་པ་བྱུང་བའང་སྔོན་བག་ཆགས་བཞག་པའི་མཐུ་སད་པའི་སྐོར། ལམ་རིམ་རྣམ་གྲོལ་ལག་བཅངས་སུ་གསལ་ལོ། །