9730

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ
Tibetan Definition རི་བོ་དགེ་ལྡན་པའི་གྲུབ་མཐའ་སྲོལ་གཏོད་པ་པོ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་ནི། ཤར་ཕྱོགས་ཙོང་ཁའི་ཡུལ་ (བོད་ཤར་ཕྱོགས་ཀྱི་མཐའ་སྨད་མདོ་ཁམས་སྒང་གསུམ་གྱི་ནང་ཚན་ཙོང་ཆུ་འབབ་པའི་ཡུལ་ཙོང་ཁ་སྒང་དུ་གྲགས་པའི་ཡུལ་ཡིན་པས་སམ། ཡང་ན། རི་ཙོང་ཙོང་མང་པོ་ཡོད་པས་ཆ་ནས་དེ་ལྟར་བཏགས་པའམ། ཙོང་འདེབས་སའི་ཡུལ་ཡིན་པས་ཙོང་ཁ་ཞེས་བཏགས་པར། ཅོ་ནེ་བླ་མ་གྲགས་པ་བཤད་སྒྲུབ་ཀྱི་དམིགས་བརྩེ་མའི་འགྲེལ་པར་བཤད་པ་ལྟར་རོ) དུ་ཡབ་ཀླུ་འབུམ་དགེ་དང་། ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་ (ཕྱི་ལོ་༡༣༥༧ ལོར) སྐུ་བལྟམས། ཡུམ་གྱི་ལྷུམས་སུ་ཞུགས་པའི་ཚེ། ཉི་ཟླ་སྐར་གསུམ་དུས་གཅིག་ལ་ཤར་བ་དང་། མེ་ཏོག་གི་ཆར་ཡང་ཡང་འབབ་པ་དང་སྤོས་ཀྱི་དྲི་བཟང་པོ་བྲོ་བ་དང་། ནམ་མཁའ་ལ་རོལ་མོའི་སྒྲ་གྲག་པ་དང་། ས་གཡོ་བ་ལ་སོགས་པའི་ངོ་མཚར་བའི་ལྟས་ཡུལ་དེར་སྐྱེ་བོ་ཀུན་གྱིས་མཐུན་སྣང་དུ་གྲུབ་པ་བྱུང་ངོ་། །རྗེ་འདི་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཀྱང་ལུང་བསྟན་པ་ཡིན་ཏེ། པདྨ་བཀའ་ཐང་ལས། དགེ་ལྡན་ཞེས་བྱའི་དགོན་གནས་དམ་པ་རུ༔ མཁས་པའི་མཆོག་ཉིད་མདོ་རྒྱུད་གཞུང་ལ་མཁས༔ རྡོ་རྗེ་འཆང་སྤྲུལ་གསང་སྔགས་བཀའ་སྒོ་འབྱེད༔ འགྲོ་བའི་དེད་དཔོན་ལམ་སྟོན་ས་མཁན་འབྱོན༔ བློ་དང་བཟང་གི་མཚན་ཅན་སྐྱེས་བུ་འོང་༔ གསང་མཚན་ལས་རབ་རྡོ་རྗེ་བདེ་བ་རྩལ༔ ཞེས་དང་། ཡང་པདྨ་བཀའ་ཆེམས་ལས། འཇམ་དབྱངས་སྤྲུལ་པ་འདུལ་བ་བསྟན་པའི་དཔལ། །མདོ་སྔགས་བསྟན་འཛིན་བློ་བཟང་གྲགས་པ་འབྱུང་། །ཞིང་འདིར་འདས་ནས་བྱམས་པའི་དྲུང་དུ་འགྲོ། །ཞེས་དང་། སློབ་དཔོན་ཆེན་པོ་ཉིད་ཀྱི་ལུང་བསྟན་ལས། ཨྱོན་ང་ཡི་ཐུགས་སྙིང་རྗེ་ཅན། །བཻ་རོ་ཁྱོད་ཀྱི་འོད་ཟེར་ཆ་གཅིག་ལས། །སྐུ་ལུས་གཅིག་ལ་བཀོད་པ་མི་འདྲས་བརྒྱན། །བཻ་རོ་ཙ་ནའི་སྐྱེ་བ་གཅིག །དབུས་ཕྱོགས་དགའ་ལྡན་ཞེས་བྱར་འབྱུང་། །བྱང་སེམས་བློ་བཟང་ཞེས་པར་གྲགས། །སངས་རྒྱས་ཡེ་ཤེས་སྐྱེ་བ་གཅིག །བྱང་ཆུབ་སེམས་པའི་འཁོར་དུ་བཅས། །འཁོར་བློན་ཕྱག་རྡོར་ཞེས་པར་གྲགས། །ཞེས་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་ལམ་གཙོའི་འགྲེལ་པར་གསུངས། དགུང་ལོ་གསུམ་ཞེས་པ་ན་ཀརྨ་པ་ (སྐུ་ཕྲེང་བཞི་པ) རོལ་པའི་རྡོ་རྗེ་ལས་ཡོངས་རྫོགས་དགེ་བསྙེན་དུ་བསྒྲུབས་ཏེ་མཚན་ཀུན་དགའ་སྙིང་པོར་གསོལ། དགུང་ལོ་བདུན་བཞེས་པའི་དུས་ཆོས་རྗེ་དོན་གྲུབ་རིན་ཆེན་པ་ལས་བར་མ་རབ་བྱུང་གི་ཚུལ་ཁྲིམས་དང་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་མནོས་ཏེ། མཚན་ཡང་བློ་བཟང་གྲགས་པའི་དཔལ་ཞེས་གསོལ་བར་མཛད། དགུང་གྲངས་བཅུ་དྲུག་བཞེས་པ་ཕྱི་ལོ་ (༡༣༧༣) ལོར་དབུས་གཙང་དུ་བྱོན། སྐབས་ཤིག་ན་ཡར་ལུང་རྣམ་རྒྱལ་དུ། མ་བྱོན་སངས་རྒྱས་གསུམ་པ་ཁ་ཆེའི་པཎྜི་ཏ་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲའི་མཁན་བརྒྱུད། ཚོགས་ཆེན་པོའི་མཁན་པོ། དཀའ་བཞི་པ་ཚུལ་རིན་པས་མཁན་པོ་མཛད། ཚོགས་པ་བྱི་རྫིང་པའི་མཁན་པོ་གནས་བརྟན་འདུལ་བ་འཛིན་པ་ཤེར་མགོན་པས་ལས་ཀྱི་སློབ་དཔོན་མཛད། བྱི་རྫིང་པའི་དབུ་མཛད་སྡོམ་བརྩོན་བསོད་ནམས་རྡོ་རྗེས་གསང་སྟེ་སྟོན་པ་མཛད་ཅིང༌། ཚོགས་པ་གཉིས་ཀྱི་དགེ་སློང་ཁ་སྐོང་དུ་འོས་པ་གྲངས་ཚང་བས་དད་པའི་དགེ་འདུན་མཛད་ནས་བསྙེན་པར་རྫོགས་པའི་སྡོམ་པ་ཡང་དག་པར་བཞེས་ཏེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཡོངས་སུ་རྫོགས་པའི་ལྷའི་ཆུ་བོས་ཐུགས་རྒྱུད་ཀྱི་བུམ་བཟང་ཉེ་བར་གཏམས་ཤིང༌། ལྷ་དང་བཅས་པའི་འཇིག་རྟེན་གྱི་ཡོན་གནས་གཅིག་པུར་གྱུར་ཏོ། །བསྙེན་པར་རྫོགས་པའི་སྡོམ་རྒྱུན་ཡང་གོང་དུ་བཤད་པ་ལྟར། འགོས་ལོའི་དེབ་སྔོན་ལས། ཐུབ་པའི་དབང་པོ་གཉིས་པ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་ཡང་དགེ་སློང་གི་དངོས་པོ་ནི་པཎ་ཆེན་གྱི་བརྒྱུད་པ་ལས་བརྙེས་སོ། །ཞེས་གསུངས་པ་ལྟར་རོ། ། (དགུང་ལོ་སོ་དྲུག་གི་ཚེ་འོལ་ཁ་ཆོས་ལུང་དུ་བྱ་བྲལ་ལ་བྱོན་ཚུལ) དེ་ལྟར་དགུང་ལོ་བཅུ་བདུན་ནས་སོ་དྲུག་གི་བར་ཐོས་པ་རྒྱ་ཆེན་པོ་མཛད། སོ་དྲུག་གི་ཚེ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་བསྐུལ་ནས་འཁོར་དག་པ་རྣམ་བརྒྱད་དང་བཅས་དཔོན་སློབ་དགུ་འོལ་ཁ་ཆོས་ལུང་དུ་བྱ་བྲལ་ལ་བྱོན་པའི་ཚུལ་ནི། རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ལས། རྗེ་བཙུན་གྱི་ཞལ་ནས། ད་ལྟ་ནས་བཤད་པ་བྱས་ཀྱང་ཕན་འདོགས་ལྟར་སྣང་ལས་མི་འོང་བས། རེ་ཞིག་བྱ་བྲལ་བྱས། དབེན་པ་བསྟེན་ནས་སྒྲུབ་པ་སྙིང་པོར་གྱིས་ཤིག །ཅེས་བསྐུལ་བར་མཛད་དོ། །དེ་ལྟར་བསྐུལ་བ་དང༌། རྗེ་ཉིད་ཀྱིས་ཀྱང་ཚུལ་དེ་ལེགས་པར་དགངས་ནས་བྱ་བྲལ་མཛད་ཅིང་དབེན་པ་བསྟེན་ནས་སྒྲུབ་པ་སྙིང་པོར་མཛད་པ་ལ་ཐུགས་ཐག་བཅད་དོ། །ཞེས་དང་། དེ་ནས་རྗེ་རིན་པོ་ཆེ་པས་སྐྱོར་མོ་ལུང་དུ་ཕེབས། སྟོན་གཞུག་དེ་ཆོས་མང་དུ་གསུངས། དགུན་ལ་ཉེ་བ་སྤྲེའུ་ལོ་ཟླ་བ་བཅུ་པ་ལ་བབ་པ། དགུང་ལོ་སུམ་ཅུ་རྩ་དྲུག་པ་ལ་སྐྱོར་མོ་ལུང་ནས་ཕྱག་བཏེག སློབ་དཔོན་རིན་པོ་ཆེ་འཇམ་དཀར་བ་ཞེས་གྲགས་པ་དཔལ་ལྡན་བཟང་པོ་བ་དང༌། རྟོགས་ལྡན་བྱང་སེང་པ། གནས་བརྟན་རིན་ཆེན་རྒྱལ་མཚན་པ། གནས་བརྟན་བཟང་སྐྱོང་བ་སྟེ་དབུས་པ་བཞི། བླ་མ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་བ། དགེ་བཤེས་ཤེས་རབ་གྲགས། དགེ་བཤེས་འཇམ་དཔལ་བཀྲ་ཤིས། དགེ་བཤེས་དཔལ་སྐྱོང་སྟེ་མདོ་སྨད་པ་བཞི་དང་བཅས་པ་ཕྱག་ཕྱིར་ཁྲིད། དེ་གོང་ནས། གཞིས་ཀ་སྣེའུ་རྫོང་བས་ཞབས་ཏོག་ལེགས་པོ་མཛད་ཀྱིན་ཡོད་ཅིང༌། དེ་དུས་ཀྱང་ཁོང་གི་ཞབས་ཏོག་བསྒྲུབས་ཏེ། དཔོན་སློབ་དགུས་གཞུང་ཀོ་མཛད་ནས་བྱ་བྲལ་ལ་བྱོན། འོལ་ཁར་ཕེབས། དེའི་དགུན་དཔྱིད་རྣམས་འོལ་ཁ་ཆོས་ལུང་དུ་བཞུགས་ཤིང༌། དེ་ནས་བཟུང་སྟེ་འོལ་ཁ་བ་ཡབ་སྲས་རྣམས་ཀྱིས་དད་པ་ཆེན་པོས་སྦྱིན་བདག་མཛད་དེ་ཞབས་ཏོག་ཕུན་སུམ་ཚོགས་པ་བསྒྲུབས། དེར་བཞུགས་ཀྱི་རིང་ལ་ཡང༌། ཐོག་མར་བསག་སྦྱང་གནད་ཆེ་བར་དགོངས་ཏེ་དཔོན་སློབ་ཐམས་ཅད་ཀྱིས་སྟོབས་བཞི་ཚང་བའི་བསག་སྦྱང་ལ་ཤིན་ཏུ་འགྲུས་པར་མཛད། རྗེ་རིན་པོ་ཆེ་རང་གིས་ཀྱང༌། ལྟུང་བཤགས་བརྒྱ་ཕྱག་དང་བཅས་པ་དང༌། ཕྱག་སོར་གྱི་རྩེ་མོ་རྣམས་སེར་ཁར་སོང་གི་བར་དུ་མཎྜལ་འབུལ་བ་སོགས་ལ་དཔག་པར་དཀའ་བའི་བརྩོན་པ་དྲག་པོ་མཛད་ཅིང༌། ཞེས་སོགས་གསུངས་སོ། ། (བདག་ཉིད་ཆེན་པོ་འདིས་ཆོས་འཆད་ཚུལ་གྱི་ཆེ་བ་ནི) མཁས་གྲུབ་ཆོས་རྗེས་མཛད་པའི་རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ལས། དེ་ནས་དགུན་མོན་མཁར་བཀྲ་ཤིས་གདོང་དུ་བཞུགས། དེ་དུས་ནུབ་ཅིག་ཞུགས་མེ་ལ་བཞུགས་ནས་བོད་ཀྱི་མཁས་གྲུབ་རྣམས་ཀྱི་རྣམ་པར་ཐར་པ་ཅི་རིགས་པ་གསུང་བའི་སྐབས་སུ། དཀའ་བཞི་པ་ཤེར་སེང་གིས་ཆོས་ཐོག་གཅིག་ལ་པོ་ཏི་བཅུ་གཅིག་གསུངས་འདུག དུས་ཕྱིས་བོད་དུ་པོ་ཏི་དུས་གཅིག་ལ་གསུངས་པ་དེ་མང་ཤོས་སུ་འོང་བ་འདྲ་གསུང༌། དེ་ནས་དགེ་བཤེས་ཤ་སྟོན་ལ་སོགས་པས། འདི་ནས་ཀྱང་དེ་ཙམ་ཞིག་དུས་གཅིག་ཏུ་གསུང་འཚལ་ཞུས་པས། རྩོལ་བ་བྱས་ན་དེ་ཙམ་ཞིག་འཆད་ཐུབ་པ་འདྲ་གསུང༌། འོ་ན་ཅིས་ཀྱང་གསུང་འཚལ། ཞེས་ནན་གྱེས་གསོལ་བ་བཏབ་པས་ཞལ་གྱིས་བཞེས་ཏེ། ཟླ་བ་དེའི་ཚེས་བཅུ་ནས་གནམ་གང་གི་བར་སྐུ་མཚམས་བཅད་ནས་གཟིགས་རྟོག་མཛད། གནམ་གང་གི་ཉིན་ཕྱག་དཔེ་ཐམས་ཅད་ཀྱི་སྐུ་རགས་བཅིངས། ཚེས་གཅིག་ནས་ཆོས་འཛུགས་པར་བཞེད་པ་ལ། གསང་ཕུ་སོགས་ནས་འབྱོན་པའི་དོན་གཉེར་བ་སྡེ་སྣོད་འཛིན་པ་མང་པོ་ཞིག་སྒུག་དགོས་པ་བྱུང་བས། ཉི་མ་གསུམ་ཙམ་གྱི་བར་དུ་མིད་ལ་དང་མར་པ་སོགས་ཀྱི་གསུང་རྒྱུན་ཐོར་བུ་བ་འགའ་གསུངས། ཚེས་ལྔ་ནས་ཉི་མ་གཅིག་ལ་རྒྱ་གར་སྐད་བཅོ་ལྔའི་དབུ་དུས་གཅིག་ཏུ་བཙུགས་ནས། ཉིན་རེ་ཞིང་ཐོ་རངས་ནས་སྲོད་ཀྱི་བར་ལ་ཆོས་ཐུན་བཅོ་ལྔ་རེ་མ་ཆག་པར་ཐུགས་བཤད་མཛད། དེའི་ནང་ནས་པོ་ཏི་ཆུང་བ་གཉིས་རྫོགས་པར་གསུངས་ཚར་བ་ན། དེའི་དོད་དུ་སླར་ཡང་ཆུང་བ་གཉིས་བཙུགས་ནས། ཚད་མ་རྣམ་འགྲེལ། ཕར་ཕྱིན། མངོན་པ་གོང་འོག་གཉིས། འདུལ་བ་མདོ་རྩ་བ། བྱམས་ཆོས་ཕྱི་མ་བཞི། དབུ་མ་རིགས་པའི་ཚོགས་ལྔ། འཇུག་པ། བཞི་བརྒྱ་པ། སྤྱོད་འཇུག་སྟེ་བསྟན་བཅོས་བཅུ་བདུན་གྱི་བཤད་པ་དཀའ་ཆེན་འགའ་ཞིག་བོད་ཀྱི་ཊཱིཀྐ་ཆེན་མོ་རེ་གཞིར་བཞག་པའི་ཐོག་ཏུ་འགྲེལ་པའི་འཆད་ཚུལ་དུ་མ་དགག་སྒྲུབ་དང་བཅས་པས་གཏན་ལ་ཕབ་ཅིང༌། གཞུང་གཞན་རྣམས་ཕལ་ཆེ་བ་རང་རང་གི་འགྲེལ་པའི་སྟེང་ནས་གཞུང་ཕྲ་རགས་མ་ལུས་པ་ལ་བཤད་པ་ཞིབ་པར་མཛད་དེ་ཟླ་བ་གསུམ་ལ་རྫོགས་པར་མཛད་ཅིང༌། དེའི་སྐབས་སུ་འང༌། སྲོད་ཆོས་གྲོལ་ནས་རྡོ་རྗེ་འཇིགས་བྱེད་ཀྱི་བདག་འཇུག་ལ་སོགས་པ་ཐུགས་དམ་རིམ་གཉིས་ཀྱི་རྣལ་འབྱོར་རྣམས་མ་ཆག་པར་མཛད་དེ། སྐྱེ་བོ་ཀུན་ཀྱང་འདི་ནི་ལྷག་པའི་ལྷས་དངོས་སུ་བྱིན་གྱིས་བརླབས་པའམ། གཟུངས་ཐོབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་ཡིན་པར་ངེས་ཀྱི་གཞན་ལ་འདི་ལྟ་བུ་འབྱུང་བ་མི་སྲིད་དོ། །ཞེས་མཐུན་པར་གླེང་ངོ། །ཞེས་གསུངས་སོ། །དཔལ་ས་སྐྱ་པའི་དུས་སུ། དབུ་ཕར་འདུལ་མཛོད་བཅས་གཞུང་ཆེན་བཞིའི་དམ་བཅའ་བཞག་པའི་དགེ་བཤེས་ལ་དཀའ་བཞི་པ་ཞེས་ཐ་སྙད་མཛད་ཅིང་། ཕྱིས་རྒྱལ་ཚབ་ཐམས་ཅད་མཁྱེན་པ་སོགས་དགེ་ལྡན་པའི་མཁས་གྲུབ་རིམ་བྱོན་ནས་གཞུང་ཆེན་བཅུའི་དམ་བཅའ་བཞག་པའི་སྲོལ་ཚུགས་པས། དཀའ་བཅུ་པ་ཞེས་ཐ་སྙད་ཆགས། གཞུང་ཆེན་བཞི་དང་བཅུ་ལ་དམ་བཅའ་བཞག་པ་ཙམ་ལ། དཀའ་བཞི་པ་དང་དཀའ་བཅུ་པའི་ཐ་སྙད་མཛད་ན། ཚད་མ་རྣམ་འགྲེལ་སོགས་གཞུང་ཆེན་བཅུ་བདུན་གྱི་བཤད་པ་དུས་གཅིག་ཏུ་མཛད་པའི་ངོ་མཚར་བའི་ཆོས་འཆད་ཚུལ་གྱི་ཆེ་བ་འདི་ལ། དཀའ་བཅུ་བདུན་པ་སོགས་ཀྱིས་ཐ་སྙད་མཛད་ནའང་ཤིན་ཏུ་དམན་ཞིང་ཆུང་དྲགས་པ་ཡིན་ནོ། །བླ་མ་དམ་པ་བསོད་ནམས་རྒྱལ་མཚན། རྗེ་བཙུན་རེད་མདའ་བ། ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན། བླ་མ་དབུ་མ་པ་སོགས་མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན་ཏེ་མཁས་པའི་ཕ་རོལ་ཏུ་སོན། གསང་བདེ་འཇིགས་གསུམ། རྗེ་བཙུན་འཇམ་དབྱངས་སོགས་ཡི་དམ་གྱི་ལྷ་དང་། རྒྱན་དྲུག་མཆོག་གཉིས་སོགས་རྒྱ་གར་གྱི་པཎ་ཆེན་དུ་མའི་ཞལ་གཟིགས། བྱིན་གྱིས་བརླབས། གསུང་གི་གནང་བ་ཐོབ། ཕྱི་ལོ་ (༡༤༠༩) ལོར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་། རི་བོ་དགེ་ལྡན་པའི་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ། ལེགས་བཤད་ཀྱི་གསུང་རྩོམ་ཡང་པོད་བཅོ་བརྒྱད་བཞུགས། གསུང་རྩོམ་ཡང་གང་འདོད་འདོད་དུ་མཛད་པ་མ་ཡིན་པར། གྲུབ་ཆེན་རྣམས་ཀྱི་སྐུའི་སྣང་བ་གཟིགས་པ་སོགས་བསྟན་འགྲོར་ཕན་པའི་མཚན་མ་བརྟན་པོར་གཟིགས། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་དེ་དང་དེ་རྩོམ་པར་བསྐུལ་ནས་མཛད་པ་ཤ་སྟག་ཡིན་ཏེ། བསྟན་བཅོས་ཆེ་བ་ལྟ་ཞོག་བྱམས་བསྟོད་ཚངས་པའི་ཅོད་པན་ (ཡོངས་གྲགས་སུ་བྱམས་པའི་བསྟོད་ཆེན་དུ་གྲགས་པ་དེ) དང་། རིན་ཆེན་གསལ་བའི་སྒྲོན་མེ། བདེ་བ་ཅན་གྱི་སྨོན་ལམ་རྣམས་ཀྱང་དོན་གྱི་ངོ་བོ་གོ་རིམ་སོགས་འཇམ་དབྱངས་ཀྱིས་གསུངས་པ་བཞིན་མཛད་པར་གསུང་། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཐུགས་ཀྱི་འོད་ཟེར་གྱིས་བློ་གྲོས་ཀྱི་པདྨོ་ཁ་ཕྱེ་བས་ཤེས་བྱའི་དཀྱིལ་འཁོར་མཐའ་དག་ལ་གཟིགས་པ་དག་པའི་སྤྱན་དང་ལྡན་པ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་མངོན་པར་རྟོགས་པའི་ཡོན་ཏན་རིན་པོ་ཆེའི་ཚོགས་ཀྱིས་ཐུགས་ཀྱི་བང་མཛོད་ཡོངས་སུ་གཏམས་ཏེ་ལུང་དང་རིགས་པའི་སྤོབས་པ་ཕུན་སུམ་ཚོགས་པ་དང་ལྡན་ཡང་། གཞན་ཁྱད་དུ་གསོད་པ་སོགས་ཀྱི་ཁེངས་པའི་ང་རྒྱལ་ཅུང་ཟད་ཀྱང་མེད་པར་ཐུགས་རྒྱུད་ཤིན་ཏུ་ཞི་ཞིང་དུལ་བར་གནས་པ་ཡིན་ཏེ། བཀའ་བརྒྱུད་པའི་མཁས་གྲུབ་ཆེན་པོ་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱི་དེབ་སྔོན་སྨད་ཆ་༡༢༥༠ལས། (རྗེ་ཙོང་ཁ་པ་ཆེ་པོ་ནི) མཚན་ཉིད་ཀྱི་གྲྭ་རྣམས་སུ་ཞུགས་པ་ན་ལུང་དང་རིགས་པའི་སྤོབས་པ་ཕུན་སུམ་ཚོགས་པ་དང་ལྡན་ཡང་། གཞན་ཁྱད་དུ་གསོད་པའི་ཅ་ཅོ་མང་པོའི་དབྱངས་དང་མཆོང་རྒྱུག་སོགས་ཀྱི་གར་མི་མཛད་པར་ཐུགས་ཡིད་འབྱུང་བ་དང་སྐྱོ་ཤས་ཆེ་ཞིང་ཤིན་ཏུ་དུལ་བར་གནས་པ་ཉིད་དོ་ཞེས་བདག་གིས་བླ་མ་དག་ལས་ཐོས་སོ། །ཞེས་གསུངས་པས་སོ། །རྗེའི་གསུང་གི་ཁྱད་ཆོས་ཤིག་ལ་དེའི་ནང་ངན་སྨྲས་ཟུར་ཟ་ལྟ་ཞོག ཕ་རོལ་པའི་མིང་ནས་དངོས་སུ་སྨོས་ཏེ་དགག་བཞག་མཛད་པའང་ཕལ་ཆེར་མི་སྣང་། གསུང་རབ་འདི་དག་གཟུ་བོར་གནས་པའི་ས་དགེ་བཀའ་རྙིང་གི་གང་ཟག་སུས་མཇལ་ཡང་རྣམ་དཔྱོད་དང་དད་པ་རང་ཤུགས་ཀྱིས་འཕེལ་ཞིང་དཔྱོད་ལྡན་གཟུར་གནས་དག་གི་ཡིད་དབང་དབང་མེད་དུ་འཕྲོག་པ་ཞིག་གོ། རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་དཔལ་ནི་རྗེའི་གསུང་འདི་སེམས་ལ་ཧ་ཅང་ཕན་ཆེ་བ་ཞིག་ཡོད་ཅིང་། མདོར་ན་རྗེའི་ལེགས་བཤད་འདི་དག་བཤད་ཤེས་པ་ཞིག་གིས་བཤད། ཉན་ཤེས་པ་ཞིག་གིས་མཉན་ན། ཤེས་རབ་ཀྱི་ཀློང་རྡོལ་ཞིང་། རྣམ་དཔྱོད་ཅན་དགའ་བ་སྐྱེད་པའི་གནས་འབའ་ཞིག་ཏུ་ཡོད་དོ། །སྐབས་དེ་དུས་ཀྱི་གངས་ཅན་གྱི་སྐྱེ་བོ་དམ་པ་མཁས་པ་དང་གྲུབ་པར་གྲགས་པ་དོན་དང་ལྡན་པ་རྣམས་ཀྱིས་ནི། བདག་ཉིད་ཆེན་པོ་འདིའི་ཞབས་ལ་གཏུགས་པའམ། བསྟོད་པའི་མེ་ཏོག་གིས་མངོན་པར་མ་མཆོད་པ་མེད་དེ། འབྲི་གུང་ཆོས་རྗེ་གུ་ཤྲི་དོན་གྲུབ་རྒྱལ་པོ། སྟག་ལུང་ཆོས་རྗེ་བཀྲ་ཤིས་འོད་འབར། སྤྱན་སྔ་བསོད་ནམས་བཟང་པོ་སོགས་དང་། བྱང་བའི་ཞལ་ངོ་དགེ་ཚུལ་ནམ་མཁའ་དཔལ་སོགས་མི་ཆེན་དང་། བླ་མ་རྔོག་པ་རིན་ཆེན་བྱང་ཆུབ་དཔལ་བ་དང་། རྒོད་ཕྲུག་གྲགས་པ་འབྱུང་གནས། ཀུན་ཅོར་རྟོགས་ལྡན་ལ་སོགས་བཀའ་བརྒྱུད་ཕྱོགས་ཀྱི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་དང་། ས་སྐྱ་པའི་བསྟན་པའི་རྩ་ལག་རོང་སྟོན་ཤཱཀྱ་རྒྱ་མཚན། ངོར་པ་ཀུན་དགའ་བཟང་པོ་སོགས་ཆོས་ཀྱི་རྒྱུན་འཛིན་ཆེན་པོར་གྲགས་པ་ཕལ་མོ་ཆེས་ཆོས་ཀྱི་བཀའ་དྲིན་ཞུས་ཤིང་། ཁྱད་པར་དུ་མཁས་པའི་དབང་པོ་ཡིད་བཟང་རྩེ་པ་ (འདི་དེབ་སྔོན་མཛད་པ་པོའི་བཀའ་བརྒྱུད་ཀྱི་མཁས་གྲུབ་ཆེན་པོ་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་བ་ལ་ཞུ་བ་ཡིན། མཚན་གཞན་ཆོས་རྗེ་སྐལ་བཟང་རྩེ་པ་ཡང་ཞུ། རྗེའི་རྣམ་ཐར་ཆེན་མོ་གཟིགས་ན་དེར་གསལ) སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཚན། ཆོས་ཀྱི་རྗེ་བྱམས་པ་གླིང་པ་སོགས་དེ་དག་གིས་རིགས་ཀྱི་ཅོད་པན་དུ་འཛིན་པར་མཛད་ལ། བླ་མ་རེད་མདའ་བ། བླ་མ་དབུ་མ་པ། ལྷོ་བྲག་ཕྱག་ན་རྡོ་རྗེ་སྟེ། རང་གི་བླ་མ་དམ་པ་རྣམས་ཀྱིས་ཀྱང་ཆོས་ཀྱི་བཀའ་དྲིན་ཞུས་ཤིང་། ཀུན་མཁྱེན་བོ་དོང་པ་ཆེན་པོས་ཀྱང་དངོས་སུ་མཇལ་མ་ཐུབ་ཀྱང་། མཁས་པ་ངང་པའི་དེད་དཔོན་བློ་བཟང་ཞེས། །གྲགས་པ་མགྲིན་པའི་རྫ་རྔ་སྒྲོག་པ་ཅན། །ལེགས་བཤད་གཤོག་རླབས་དབང་པོ་དེའི་དྲུང་དུ། །འཇིགས་མེད་བུང་བ་གཞོན་ནུས་འདི་སྐད་ཞུ། །ཞེས་བྱ་བ་ལ་སོགས་སྙན་ངག་གི་ལམ་ན་འོངས་པའི་ཞུ་ཡིག་དུ་མ་ཕུལ་ཞིང་། ལོ་ཙཱ་བ་ངག་དབང་གྲགས་པས་ཀྱང་། ཐུབ་དབང་ཞིང་དུ་ཁྱོད་ཉིད་འཁོད་ནས་ནི།། ཐུབ་བསྟན་གསལ་བའི་འཕྲིན་ལས་འདི་འདྲ་ན། །ཐུབ་པའི་རྒྱལ་ཚབ་བདག་གིས་ཅི་བྱ་ཞེས། །མི་ཕམ་མགོན་དེས་ཕྲག་དོག་མི་མཛད་དམ། །ཞེས་དང་། སི་ཏུ་རྣམ་རྒྱལ་གྲགས་པས་ཀྱང་། ཀླུ་སྒྲུབ་ཡབ་སྲས་ཞིང་གཞན་གཤེགས་པ་ན། །དབུ་མའི་ལམ་འདི་སྟོན་པ་གཞན་མེད་ཅེས། །སྒྲོ་སྐུར་བྲག་རིའི་ཕུང་པོ་གཞོམ་སླད་དུ། །མགོན་ཁྱོད་རྡོ་རྗེ་མེ་ཆར་ལྟ་བུར་གྱུར། །ཅེས་སོགས་ཀྱིས་བསྟོད་དོ། །གཞན་ཡང་། སྟག་ཚང་ལོ་ཙཱ་བས་སྐུ་ཚེའི་སྟོད་ལ་དགག་པ་དུ་མ་མཛད་ཀྱང་། ཕྱིས་ནི་རྗེ་བླ་མའི་ལེགས་བཤད་ལ་ཐུགས་ངེས་འདྲོངས་ཏེ། ཁྱོད་བློའི་ཉི་མ་གཞོན་ནུའི་དུས་ཀྱི་ཚེ། །མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས། །བདག་བློ་ཁེངས་པའི་ཀུ་མུད་ལྷག་པར་ཟུམ། །ཟབ་ཡངས་མཁྱེན་པའི་གཏེར་ལ་གསོལ་བ་འདེབས། །བྱང་ཕྱོགས་འདི་ན་ཚིག་ལ་མཁས་པ་ཉུང་། །དོན་ལ་སྒྲོ་འདོགས་ཆོད་པ་དེ་བས་དཀོན། །བསྟན་དོན་ཉམས་སུ་ལེན་པ་སྲིད་མཐའ་ཙམ། །དེ་གསུམ་མཐར་ཕྱིན་ཁྱོད་ལ་གསོལ་བ་འདེབས། །རྒྱུད་སྡེ་མཐའ་དག་ཁྱད་པར་འདུས་པ་དང་། །རིམ་གཉིས་མཐའ་དག་ཁྱད་པར་སྒྱུ་ལུས་ལ། །སྔོན་མེད་ལེགས་བཤད་གཏེར་ཆེན་ཁྱོད་ལ་འདུད། །ཅེས་པ་ལ་སོགས་པས་བསྟོད་དོ། །མདོར་ན་དཔལ་ཡིད་བཟང་རྩེ་པ་ཆེན་པོའི་ཞལ་ནས། དེའི་དུས་སུ་ས་ཆེན་པོ་འདི་རྗེ་ཙོང་ཁ་པ་ཆེན་པོའི་གདུགས་དཀར་པོ་གཅིག་གིས་ཁྱབ་པར་མཛད་དེ་ཡོད་པ་གསུངས་སོ། །བཀའ་བརྒྱུད་ཀྱི་མཁས་གྲུབ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ཀྱང་། སངས་རྒྱས་ཀྱི་བསྟན་པའི་མཇུག་འདིར་ལུང་གི་བསྟན་པ་ལ་འདི་ཁོ་ན་བཀའ་དྲིན་ཆེ་བ་ཡིན་ནོ། །ཞེས་གཟུ་བོར་གནས་པའི་བསྟོད་པ་མཛད་ཅིང་། མ་ཅིག་ལབ་སྒྲོན་གྱིས་ཀྱང་ཐུབ་པའི་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་རྒྱལ་བ་ཙོང་ཁ་པ་དང་ཀརྨ་པ་ལྟ་བུའི་སྐྱེས་མཆོག་གཞན་མི་འབྱུང་བར་ལུང་གིས་གསལ་བར་བསྟན་པར་སྣང་ཞེས་མཁས་མཆོག་དེ་ཉིད་ཀྱི་གསུང་ན་གསལ། དེང་དུས་ཀྱི་བློ་གསར་བ་མང་པོ་ཞིག་དང་། ཁྱད་པར་དུ་རྟགས་གསལ་ཁྱབ་འཁོར་རེ་གཉིས་ཀྱིས་མཁས་པར་རློམས་པའི་བློ་ཆུང་བྱིས་པའི་ངང་ཚུལ་རྣམས། གཞུང་དོན་ལ་གོ་རྒྱ་ཆུང་བ་ཡང་ལེགས་བཤད་འདི་དག་ལ་གོམས་འདྲིས་དང་ཐུགས་གཙིགས་ཅི་ཡང་མེད་པར། རང་རང་སོ་སོའི་ཡིག་ཆ་ཁེར་རྐྱང་ལ་དབུ་འཁོར་བས་ལན་ནོ། །དོན་དུ་རྗེའི་ལེགས་བཤད་རྣམས་སྤྱི་དོན་གྱི་ཚུལ་དང་། གྲྭ་ས་གྲྭ་ཚང་གི་ཡིག་ཆ་རྣམས་མཐའ་གཅོད་ཀྱི་ཚུལ་དུ་བལྟ་དགོས་པ་ཡིན་ཚོད་གདའ། དེ་ཡིན་པའང་སེ་ར་རྗེ་བཙུན་པའི་དབུ་མའི་སྤྱི་དོན་ (རྗེ་བཙུན་པའི་དབུ་མའི་སྤྱི་དོན་་འདི་ཟུར་གནས་ཀྱི་མཁས་པ་མང་པོས་ཐུགས་གཙིགས་དང་སྔགས་བརྗོད་ཆེན་པོ་གནང་བའི་ལོ་རྒྱུས་ཡོད) ལ་གཟིགས་ན་དེ་གས་རྟོགས་ནུས་སོ། །དེ་ལྟ་ནའང་ཐོག་མར་གྲྭ་ཚང་སོ་སོའི་ཡིག་ཆ་རྣམས་ཀྱང་ཤིན་ཏུ་གལ་ཆེ་བས་ལེགས་པར་ཁོང་དུ་ཆུད་པར་བྱས་ཏེ། རང་ལུགས་གཏད་སོ་ཡོད་པར་བགྱིས་ལ། དེ་ནས་རྡོག་འདྲིལ་ས་རྗེ་ཡབ་སྲས་ཀྱི་ལེགས་བཤད་ཀྱི་ཐོག་ཏུ་དྲིལ་ཐུབ་པ་ཞིག་དགོས། རྗེའི་གསུང་རབ་ལ་ཐོས་བསམ་བྱེད་པ་ནི་ཤིང་སྡོང་རྒན་ལ་མེ་སྦོར་བ་ལྟར་ཐོག་མར་སྦར་དཀའ་ཞིང་འབར་ན་ཤིན་ཏུ་འབར་ཚབས་ཆེ་བ་ལྟར། ཤིན་ཏུ་བརླིང་ཞིང་གོ་དཀའ་ལ། ཡང་ཡང་གོམས་འདྲིས་བྱས་ཏེ་གོ་ན་གཞན་དང་མི་འདྲ་བའི་གོ་བ་སྟེར་ཕུལ་ཆེ་བ་ཞིག་གོ། སྔར་བོད་དུ་མདོ་སྔགས་གཉིས་ཚ་གྲང་ལྟར་འཛིན་པ་ཤས་ཆེ་ནའང་། རྗེ་འདི་ཉིད་ཀྱིས་མདོ་སྔགས་གཉིས་འགལ་མེད་གཅིག་གྲོགས་གཅིག་ཏུ་འཁྱེར་ཤེས་པའི་སྲོལ་བཟང་པོ་ཡང་བཏོད་དེ། སྟག་ཚང་ལོ་ཙཱ་བས། ཁ་ཅིག་འདུལ་བ་གཙོར་བྱས་གསང་སྔགས་སྤོང་། །གཞན་དག་སྔགས་ལ་མོས་བློས་འདུག་བ་འགོག །རྒྱལ་བའི་བསྟན་པ་མཐའ་དག་འགལ་མེད་དུ། །ལེགས་པར་ཉམས་སུ་ལེན་མཁས་ཁྱོད་ལ་འདུད། །ཅེས་གསུངས་པ་ལྟར་རོ། །འགོས་ལོའི་དེབ་སྔོན་ལས་ཀྱང་། རབ་ཏུ་བྱུང་བ་ནི་རྗེ་བཙུན་དམ་པ་བློ་བཟང་གྲགས་པའི་དཔལ་གྱིས་དང་པོར་སྐྱོར་མོ་ལུང་དུ་མཁན་ཆེན་བློ་གསལ་བ་ལ་འདུལ་བ་ལེགས་པར་བསླབས། ཕྱིས་དབེན་པའི་གནས་རྣམས་སུ་སྒྲུབ་པ་སྙིང་པོར་མཛད་པ་ན་ཡང་འདུལ་བའི་ཀུན་ཏུ་སྤྱོད་པ་ལས་མ་འདས། ཕྱིས་འཁོར་སྐྱོང་བའི་ཚེ་ན་ཡང་དྲུང་ན་འཁོད་པ་ཐམས་ཅད་འདུལ་བ་ནས་ཇི་སྐད་བཤད་པའི་ཆོས་གོས་རྣམ་གསུམ་གདིང་བ་དང་ལྷུང་བཟེད་ལ་སོགས་པ་མན་ངག་ལ་བརྟེན་ནས་སྐྱེས་བུ་གསུམ་ལ་བློ་སྦྱངས་ནས་འཁོར་བ་མཐའ་དག་ལ་ཡིད་འབྱུང་བའི་བློས་སྡོམ་པ་ཐམས་ཅད་སོ་སོར་ཐར་པ་མཚན་ཉིད་པ་ལ་བཀོད། དེ་དག་གི་སྤྱན་ལྟོས་ལ་བརྟེན་ནས་བོད་ཀྱི་ཁམས་འདིར་འདུལ་བའི་བསྟན་པ་ཉི་མ་ཤར་བ་ལྟར་གྱུར་པ་ཡིན་ནོ། །ཞེས་དང་། ཡང་དེ་ཉིད་ལས། རེ་ཞིག་གཉལ་གྱི་མོ་ལའི་རྩར་ཞགས་མཛད་པས། ཁྱོད་སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་འདྲ་བ་ཅིག་འོང་བར་ཤེས་པར་གྱིས་ཤིག་ཅེས་པའི་ལུང་བསྟན་པ་བརྙེས། ཡི་དམ་གྱིས་ཀྱང་འདུལ་བའི་བསླབ་པ་ལ་བརྟེན་ནས་གཞན་ལ་ཕན་པ་ཆེན་པོར་འགྱུར་བར་ལུང་བསྟན་པས་ཐོག་མར་དཔོན་སློབ་རྣམས་ཀྱི་བླ་གོས་དྲས་ཤིང་དྲུབས་པ་དང་ལྷུང་བཟེད་དང་གདིང་བ་ལ་སོགས་པའི་ཡོ་བྱད་རྣམས་བསྣམས་ནས་གཞན་དག་གིས་མཐོང་བ་ན། རབ་ཏུ་བྱུང་བའི་ཚུལ་ནི་འདི་ལྟ་བུ་ཞིག་ཁོ་ནའོ་ཞེས་ཡིད་ཆེས་པར་འགྱུར་བར་མཛད་ནས། ཕྱིས་ནི་ལོ་རེའམ་ཟླ་རེ་ཙམ་ཆོས་ཉན་པར་རྩོལ་བའི་སློབ་མ་དག་ཀྱང་འདུལ་བའི་ཀུན་ཏུ་སྤྱོད་པ་ལ་བཀོད་པས་མངོན་སུམ་དུ་གྱུར་པ་ལྟ་ཞོག རྒྱང་རིང་པོ་ནས་ཐོས་པ་དག་ཀྱང་སྤུ་ལོང་གཡོ་བས་ཕྱོགས་ཐམས་ཅད་དུ་སྙན་པས་ཁྱབ་སྟེ་འགྲན་ཟླ་མེད་པར་གྱུར། ཞེས་དང་། ཡང་དེ་ཉིད་ལས། རྗེ་བཙུན་དེའི་བཀའ་དྲིན་ལས་ཞལ་མ་མཐོང་ཞིང་། ས་ཕྱོགས་རིང་ནས་གནས་པའི་རབ་ཏུ་བྱུང་བ་དག་ཀྱང་དྲས་དྲུབས་མ་དང་། གདིང་ལྷུང་ལ་སོགས་པའི་ཡོ་བྱད་བསྲེལ་བ་དང་། ཕྱི་རོལ་ཡང་སྡུད་མ་སྤངས་ཏེ་ཟླ་གམ་གྱོན་པ་དང་། ཞྭའི་ཁ་དོག་ཀྱང་གསེར་མདོག་ཏུ་བྱེད་པ་འདི་ཡིན་ནོ། །ཞེས་གསུངས། ཡང་དེ་ཉིད་ལས། དེ་ལ་རྗེ་ཙོང་ཁ་པ་ཆེན་པོས་ནི། བུ་རིན་པོ་ཆེས་མཛད་པའི་རིམ་པ་ལྔ་པའི་མན་ངག་དང་། དེ་གང་ལ་བརྟེན་པའི་གསེར་སྡིངས་པའི་མན་ངག་རྣམས་དཔྱད་གཞིར་མཛད། སྔགས་མཚན་ཉིད་ཀྱི་གསུང་རབ་སྤྱི་དང་། བྱེ་བྲག་ཏུ་འདུས་པའི་རྩ་བཤད་ཀྱི་རྒྱུད་དང་། རྒྱ་གར་ནས་བྱུང་བའི་འགྲེལ་པ་ཆེན་པོ་རྣམས་དང་། བོད་ཀྱི་ལུགས་རྣམས་ལའང་ལེགས་པར་བརྟགས་ཤིང་དཔྱད་ནས་རིམ་ལྔའི་ཁྲིད་ཡིག་དང་། དེའི་དོན་རྒྱས་པར་འཆད་པ་རིམ་ལྔ་གསལ་བའི་སྒྲོན་མེ་མཛད་དེ། འདུས་པའི་ལུགས་ཉམས་པ་རྣམས་གསོ་བར་མཛད་དོ། །གཞན་
ཡང་། འགོས་ལོས་དེབ་སྔོན་དུ་རྗེ་ཙོང་ཁ་པ་ཆེན་པོ་ལ་ཐུབ་པའི་དབང་པོ་གཉིས་པ་ཞེས་གཟུ་བོར་གནས་པའི་ཆེ་བསྟོད་ཀྱང་མཛད་དོ། །མདོར་ན་མཁས་གྲུབ་ཆོས་རྗེས། ཚིག་སྤྱིའི་བཤད་སྒྲུབ་རྟགས་ཀྱི་དགེ་སྦྱོང་གིས། །ཐུབ་བསྟན་མིང་ཙམ་ལྷག་མར་ལུས་པའི་ཚེ། །བསླབ་གསུམ་ལུང་རྟོགས་རྒྱལ་བའི་དམ་ཆོས་ཀུན། །ཁྱོད་ཀྱིས་ཉི་མོར་མཛད་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་གསལ་བར་མཛད་པའི་སྒོ་ནས་བོད་གངས་ཅན་པ་རྣམས་ལ་ཀུན་དྲིན་ཤིན་ཏུ་ཆེ་བ་ཡིན་ནོ། །དེ་ལྟར་དགུང་གྲངས་རེ་གསུམ་བཞེས་པ་རབ་བྱུང་བདུན་པའི་ས་ཕག་ (ཕྱི་ལོ་༡༤༡༩) ལོའི་ཟླ་བཅུ་པའི་ཚེས་ཉི་ཤུ་ལྔ་ཉིན་སྔ་དྲོ་ཉི་དྲོད་ཙམ་ལ་གཟིམས་ཁང་འོད་གསལ་སྦུག་ཏུ་སྐུ་མྱ་ངན་ལས་འདས་པའི་མཛད་པ་བསྟན་ཏོ། །དེའི་ཚུལ་རྒྱས་པར་ནི་མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པའི་རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ལས་འདི་ལྟར་གསུངས་ཏེ། དེའི་སང་ཉིན་ཉི་ཤུ་ལྔའི་སྔ་དྲོ་དང་པོ་ནས་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་དུ་མཛད། ཕྱག་གཉིས་མཉམ་པར་བཞག་སྟེ་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་པ་ལས་ཉི་མ་ཤར་རྗེས་ཙམ་ལ་སྟོང་པ་གསུམ་རིམ་གྱིས་ཐིམ་ནས་ཐམས་ཅད་སྟོང་པ་འདོ་གསལ་དོན་དམ་པའི་བདེན་པ་མངོན་དུ་མཛད་དེ། དེ་ཡང་ཤངས་ཀྱི་སྒོའི་རླུང་རགས་པ་རྒྱུ་བ་ནང་དུ་ཐིམ་པ་ནས། ཞལ་གྱི་དཀྱིལ་འཁོར་དེ་གོང་ཅུང་ཟད་སྐུ་ཁམས་བསྙེལ་བ་སོགས་ཀྱིས་སྔར་ལས་སྐུ་མདངས་ཅུང་ཞིག་ཆུང་བར་ཡོད་ནའང༌། དེའི་ཚེ་བློ་བུར་དུ་ཟླ་བ་རྒྱས་པ་ལྟར་གྱུར་ཏེ། སྐུའི་ཆ་ཐམས་ཅད་འོད་ཀྱི་ལུས་ཅན་གྱི་ལྷ་བུ་གཞོན་ནུ་ལྟར་གྱུར་ཅིང༌། སྐུའི་ཤ་ཞུ་བ་དང༌། ལྟར་ལྟར་པོར་གྱུར་པ་དང༌། ཁང་ཁུང་དུ་གྱུར་པ་ལ་སོགས་པ་ཅུང་ཟད་ཀྱང་མེད་ལ། སྔར་གྱི་སྐུའི་གཉེར་མ་རྣམས་ཀྱང་སྐྲའི་རྩེ་མོ་བརྒྱར་གཤེགས་པའི་ཚོད་ཙམ་དུའང་ཐམས་ཅད་ཀྱིས་ཐམས་ཅད་དུ་མེད་པར་གྱུར་ཏེ། བལྟ་བར་མི་བཟོད་པའི་འོད་ཀྱི་ཕུང་པོ་དང་ལྡན་ཞིང༌། དེ་ཡང་ཁ་ཅིག་ནི་སྐུའི་འོད་དམར་སེར་དུ་སྣང་ངོ་ཞེས་ཟེར། ཁ་ཅིག་ནི་དཀར་སེར་དུ་སྣང་ངོ་ཞེས་ཟེར། ཁ་ཅིག་ནི་གསེར་བཙོ་མ་ལྟ་བུར་སྣང་ངོ་ཞེས་ཟེར་ཏེ། ལོ་བཅུ་དྲུག་ལོན་པའི་ན་ཚོད་དང་ལྡན་པའི་ལྷའི་ལུས་ཅན། ཇི་ལྟར་འཇམ་དཔལ་གཞོན་ནུར་གྱུར་པ་རྒྱན་དང་ཆ་ལུགས་སྤངས་ནས། ནང་དུ་ཡང་དག་འཇོག་ལ་མཉམ་པར་བཞག་པ་ཇི་ལྟ་བ་དེ་ལྟར་གྱུར་པ་ན། དེའི་ཚེ་གློ་བུར་ཉིད་དུ་མགོན་དང་བྲལ་བས། ཡིད་མྱ་ངན་གྱིས་བརླམས་ཏེ། རང་གི་འཚོ་བ་ལ་ཡང་མི་ལྟ་བར་གྱུར་པའི་སྐྱེ་བོ་དྲུང་ན་འཁོད་པ་དག་ཐམས་ཅད་ཀྱང༌། ཨེ་མ་མ་ལ་འདི་འདྲ་བའི་ངོ་མཚར་བ་ནི་བརྗོད་པར་དཀའ་བ་ཞིག་སྟེ། བདག་ཅག་རྣམས་ཀྱིས་ལྷའི་ལུས་མངོན་སུམ་དུ་མཐོང་ངོ་། །ཞེས་མྱ་ངན་གྱིས་མྱོས་པས་རང་དབང་བྲལ་བཞིན་དུ་ཡང་ངོ་མཆེར་བས་བསྐྱོད་པའི་མུ་ཅོར་གྱི་གར་བྱེད་དོ། །དེ་ཡང་སྐུ་འདའ་བའི་ཚེ་སྐུའི་མདངས་དང་གཞོན་ཤ་ལ་སོགས་ཏེ། མདོར་ན་མིའི་ལུས་གནས་གྱུར་ནས་ལྷ་བུ་གཞོན་ནུའི་ལུས་ལྟ་བུར་གྱུར་པ་འདི་འདྲ་བ་སྔོན་ཆད་སུ་ཞིག་ལ་བྱུང་བའི་ལོ་རྒྱུས་བསྙད་པ་འགའ་ཐོས་པའམ། འདིའི་རྒྱུ་མཚན་ནི་འདི་ལྟའོ་ཞེས་བརྗོད་པར་བྱ་བ་ཅི་ཞིག་ཡོད་ཅེ་ན། སྔོན་གྱི་ཚེ་རྒྱ་གར་གྱི་གྲུབ་ཐོབ་པཎྜི་ཏ་ག་ཡ་དྷ་ར་ཞེས་བྱ་བ་དེ་ཉིད་མཁའ་རེག་ཏུ་འདས་པ་ན་སྐུ་ལུས་ཤིན་ཏུ་ཆུང་ཞིང་གཞོན་ཤ་དང་ལྡན་པའི་བྱིས་པའི་ན་ཚོད་ལྟ་བུར་གྱུར་ཏོ་ཞེས་ཐོས་ཀྱི། བོད་ཀྱི་བླ་མ་སྔ་མ་སུ་ཞིག་ལའང་ཚུལ་དེ་ལྟར་བརྗོད་པ་མ་ཐོས་སོ། །ཞེས་དང་། དེ་ལྟར་ཆོས་ཀྱི་སྐུ་ལ་མཉམ་པར་བཞག་པའི་རིང་ལ། སྐུའི་ཞལ་གྱི་དཀྱིལ་འཁོར་གྱི་ཐད་དྲང་ཤིན་ཏུ་ཉེ་བར། འཇའ་ཚོན་ཁ་དོག་སྣ་ལྔ་པ་ཤིན་ཏུ་དྭངས་ཤིང་འོད་འཚེར་བ་རྣམ་པར་བཀྲ་བ་སྒྱུ་མའི་སྐུ་ཉིད་ཉེ་བར་མཚོན་པའི་སླད་དུ་ཆེད་དུ་སྤྲུལ་པ་བཞིན་གཡོ་བ་མེད་པ་ཞིག་ཡུན་རིང་པོའི་བར་དུ་ཀ་བ་བཙུགས་པ་བཞིན་གནས་པར་གྱུར་ཏོ། །དུས་དེ་དག་གི་ཚེ་ནམ་མཁའ་ནི་ཐམས་ཅད་སྟོང་པ་འོད་གསལ་མངོན་དུ་མཛད་པའི་ཚུལ་ནི་འདི་འདྲའོ། །ཞེས་འཇིག་རྟེན་ཐམས་ཅད་ལ་གོ་བར་བྱེད་པ་བཞིན་དུ་ཤིན་ཏུ་གཡའ་དག་པར་གྱུར་ཏེ་ཆེས་དྭངས་ཤིང༌། ཐ་མལ་གྱི་སྤྲིན་དང་རྡུལ་ལ་སོགས་པ་ཐམས་ཅད་དང་བྲལ་ས་གཞི་རླུང་གི་རྒྱུ་བ་ཐམས་ཅད་དང་བྲལ་ནས་བསེར་བུ་ཕྲ་མོའི་འགྲོ་འོང་ཡང་རྒྱུན་ཆད་པ། ཞག་བཞི་བཅུ་རྩ་དགུ་ཙམ་གྱི་བར་དུ་བྱུང་ལ། དེའི་ཚེ་དགོན་པའི་གླིང་གསེབ་ནས་གཟིམས་ཁང་གི་ཕྱོགས་སུ་རང་རང་གི་བྲང་ཁང་གི་སྟེང་གི་ལ་བད་ཁ་རྣམས་སུ་མཚན་མོ་མར་མེའི་ཕྲེང་བ་མཐའ་ཡས་པ་ཕུལ་བ་རྣམས་དང༌། གཟིམས་ཁང་གི་སྒོ་དྲུང་དང་ཕྱི་རོལ་གྱི་ཆོས་གྲའི་ཞལ་དཀར་ཐད་སོ་རྣམས་སུ་མར་མེའི་ཕྲེང་བ་ཚར་དུ་དང་ར་བ་ཐམས་ཅད་ཀྱང་མཚན་རིང་གང་ལ་མེ་ལྕེའི་རྩེ་མོ་ཅུང་ཟད་རླུང་གིས་གཡོ་བ་ཙམ་ཡང་མེད་པར་གྱུར་ཏོ། །གཞན་ཡང་ལྷ་རྣམས་ཀྱིས་མངོན་པར་མཆོད་པ་དང༌། དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་མངོན་པར་བསྒྲགས་པའི་རོལ་མོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་མཚན་གུང་ལ་གྲགས་པ་དང༌། ཉིན་མོ་ཡང་སྔོན་ཚོར་མ་མྱོང་བའི་སྒྲའི་བྱེ་བྲག་དུ་མ་འགའ་ཞིག་གི་རྣ་ལམ་ན་གྲགས་པ་ལ་སོགས་པ་དང༌། ལྷ་རྣམས་ཀྱིས་མངོན་པར་གཏོར་བའི་མེ་ཏོག་གི་ཚོགས་ནི་ཕལ་ཆེ་བ་ཀུནྡ་ལྟར་དཀར་ཞིང་མུ་ཏིག་ལྟར་འོད་གསལ་བས་མཐོན་པོ་ནས་འབྱུང་བ་ན་ཟླ་བ་ལྟར་འཚེར་བ་དང༌། འགའ་ཞིག་ནི་ཁ་དོག་སྔོན་པོ་དང༌། འགའ་ཞིག་ནི་སེར་པོ་དང༌། འགའ་ཞིག་ནི་དམར་པོ་ལ་སོགས་པ་མི་ཆེན་པོའི་ལག་པའི་མཐིལ་ཙམ་པ་དང༌། ཤིང་རྟའི་ཕང་ལོ་ཙམ་པ་དཔག་ཏུ་མེད་པ་ཆར་ལྟར་དུ་བབ་པར་གྱུར་ཏོ། །གཞན་ཡང་ཕལ་ཆེ་བར་ནམ་མཁའི་ལམ་ཐམས་ཅད་འཇའ་ཁ་དོག་དཀར་པོ་ཤིན་ཏུ་ཡིད་འཕྲོག་བས་བླ་རེ་ལྟར་བྲེས་པ་དང༌། བ་དན་ལྟར་འཕྱར་བ་དང༌། དགེ་ལྡན་གྱི་གཡས་གཡོན་དང་མདུན་གྱི་ལུང་པ་ཐམས་ཅད་འཇའ་ཁ་དོག་སྣ་ཚོགས་པས་ལྡ་ལྡི་ལྟར་ཁྲིག་གིས་གང་བར་གྱུར་པ་ལ་སོགས་པ་ཞག་མང་པོའི་བར་དུ་བྱུང་ཞིང༌། གང་གི་ཚེ་བཅོམ་ལྡན་འདས་གྲོང་ཁྱེར་རྩྭ་ཅན་དུ་གཟིམས་མལ་གྱི་ཐ་མ་ལ་གཟིམས་ཏེ་མྱ་ངན་ལས་འདའ་བའི་མཛད་པ་བསྟན་པ་ན་ལྷ་རྣམས་ཀྱིས་མངོན་པར་མཆོད་པ་ཇི་ལྟ་བ་དེ་ལྟར་གྱུར་ཏོ། །ཞེས་གསུངས་སོ། ། (1357-1419)