9959

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རྗེ་འཆང
Tibetan Definition (གསང་སྔགས) <བཛྲ་དྷཱ་ར> 1 རྒྱུད་ཀྱི་སྟོན་པ་སྟེ། སྟོན་པ་ཤཱཀྱ་ཐུབ་པས་གསང་སྔགས་ཀྱི་ཆོས་གསུང་སྐབས་ཀྱི་སྐུའི་རྣམ་འགྱུར་ཞིག་སྟེ། འདི་ལ་ཞལ་ཕྱག་གྲངས་དང་རྣམ་འགྱུར་མི་འདྲ་བ་ཡོད་ཀྱང་། ཡོངས་གྲགས་སུ། སྐུ་མདོག་སྔོན་པོ། ཞལ་གཅིག ཕྱག་གཉིས་པ། ཡུམ་དང་དང་བཅས་པའི་ཡི་དམ་གྱི་ལྷ་ཞིག དེ་ཡང་ཇི་སྐད་དུ། སྐུ་མདོག་སྔོན་པོ་རྡོར་དྲིལ་འཛིན་པ་ཡིས། །རང་འདྲའི་རྡོ་རྗེ་དབྱིངས་ཕྱུག་མ་ལ་འཁྱུད། །རིན་ཆེན་རྒྱན་དང་དར་གྱི་ན་བཟའ་ཅན། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་ཚུལ་གྱིས་བཞུགས། །རིགས་དང་དཀྱིལ་འཁོར་ཀུན་གྱི་གཙོ་བོ་མཆོག །ཅེས་གསུངས་པ་ལྟར་རོ། །2 རྡོ་རྗེ་འཆང་ཞལ་གསུམ་ཕྱག་དྲུག་པ་ཞིག འདི་སྔོན་སྟོན་པ་ཐུབ་པའི་དབང་པོས་གསང་འདུས་ཀྱི་རྒྱུད་གསུང་བ་ན་རྡོ་རྗེ་འཆང་ཞལ་གསུམ་ཕྱག་དྲུག་གི་སྐུའི་རྣམ་པར་བཞེངས་ཏེ་གསང་འདུས་ཀྱི་རྒྱུད་གསུངས་པའི་ལོ་རྒྱུས་ལྟར་རོ། །སྤྱིར་ན་གསང་འདུས་ཀྱི་གཙོ་འཁོར་ཀྱི་ལྷ་ཐམས་ཅད་ཞལ་གསུམ་ཕྱག་དྲུག་པ་ཤ་སྟག་ཡིན། 3 <བཛྲ་དྷྲིཀ> མི་བསྐྱོད་པ། རྗེའི་འགྲེལ་པ་བཞི་སྦྲགས་ལས། མི་བསྐྱོད་པ་ལ་ཡང་རྡོ་རྗེ་འཆང་ཞེས་པ་ནི་སྒྲ་འཇུག་པའི་རྒྱུ་མཚན་ཡོད་པ་ཙམ་མོ།། ཞེས་གསུངས་སོ། །དེ་ནི་སྐུ་མདོག་སྔོན་པོ། ཞལ་གསུམ། ཕྱག་དྲུག་པ། ཡུམ་བཅས་ཀྱི་ཡི་དམ་ཞིག སྒྲ་བཤད་ནི། ཡེ་ཤེས་ལྔ་མཚོན་པའི་རྡོ་རྗེ་རྩེ་ལྔ་པ་ཕྱག་མཚན་དུ་འཛིན་པར་མཛད་པས་ན་རྡོ་རྗེ་འཆང་སྟེ། དྲང་དོན་གྱི་བཤད་པའོ། །བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱི་ཟུང་འཇུག་གི་རྡོ་རྗེའི་ཡེ་ཤེས་རང་གི་ངོ་བོ་ཉིད་དུ་འཛིན་པར་མཛད་པས་རྡོ་རྗེ་འཆང་སྟེ། ངེས་པའི་དོན་ནོ། །ཞེས་རྗེའི་འགྲེལ་པ་བཞི་སྦྲགས་ལས་གསུངས་པ་ལྟར་རོ། །