9992

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རྗེའི་ལུས
Tibetan Definition (གསང་སྔགས) 1 དྭངས་མའི་མི་ཤིགས་པའི་ཐིག་ལེ། དེ་ལ་རྡོ་རྗེ་བརྗོད་པའི་རྒྱུ་མཚན་ནི། རྡོ་རྗེ་ནི་མི་ཕྱེད་པའམ་སོ་སོར་འབྱེད་དུ་མེད་པ་དང་། བརྟན་པ་སོགས་ལ་འཇུག་པས། དྭངས་མའི་མི་ཤིགས་པའི་ཐིག་ལེ་ནི་ལས་དབང་གིས་འཆི་དུས་མ་གཏོགས་སུས་ཀྱང་བཤིག་ཏུའམ་སོ་སོར་འབྱེད་དུ་མེད་པའི་ཕྱིར་དེ་སྐད་ཅེས་བྱའོ། །2 རང་ཡི་དམ་གྱི་ལྷར་བསྒོམས་པའི་ལྷ་སྐུ། སྒྲ་བཤད་ནི། རྡོ་རྗེ་ནི་མི་ཕྱེད་པའི་དོན་ཡིན་པས། བདེ་བ་དང་སྟོང་པ་མི་ཕྱེད་པའམ་དབྱེར་མེད་པའི་རང་བཞིན་གྱི་ལུས་ཡིན་པས་དེ་སྐད་ཅེས་བྱའོ། །3 ཤིན་ཏུ་ཕྲ་བའི་རྩ་རླུང་ཐིག་ལེ་གསུམ། རྗེའི་གསུང་ཐོར་བུ་༢༢༨ན༡ལས། གང་ལ་གནད་དུ་བསྣུན་པའི་རྩ་འཁོར་སོགས། །རྡོ་རྗེ་ལུས་ཀྱི་གནས་ལུགས་རྟོགས་པར་ཤོག །ཅེས་གསུངས་པ་ལྟར་རོ། །4 ཕུང་ཁམས་སོ་དྲུག་གི་ཚོགས་པ་ལ་རྡོ་རྗེའི་ལུས་ཟེར། ཕུང་ཁམས་སོ་དྲུག་ནི། ཕུང་པོ་དྲུག ཁམས་དྲུག དབང་པོ་དྲུག ཡུལ་དྲུག ཁ་དང་ལག་པ་སོགས་ལས་ཀྱི་དབང་པོ་དྲུག སྨྲ་བ་དང་ལེན་པ་དང་འགྲོ་བ་སོགས་ལས་ཀྱི་དབང་པོའི་བྱ་བ་དྲུག་སྟེ་སོ་དྲུག་གོ། འདི་ནི་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་ཀུན་ཁྱབ་མཛོད་གླེགས་བམ་བར་མ་༦༣༣ན་གསལ་བ་ལྟར་རོ། །5 (མདོ་ལུགས) སངས་རྒྱས་ཀྱི་སྐུ་ལུས་ལ་ཟེར། འདི་ལ་རྡོ་རྗེ་ལུས་ཞེས་བརྗོད་པའི་རྒྱུ་མཚན་ནི། འདི་ལ་ཕྱི་འབྱུང་བ་དང་ནང་ཆགས་སོགས་ཀྱི་གནོད་པ་གང་གིས་ཀྱང་མི་ཚུགས་པས་ན་དེ་སྐད་ཅེས་བྱ་སྟེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་རྒྱ་ཆེར་འགྲེལ་པ་༼ ཅི ༽༡༨༠ན༡ལས། རྡོ་རྗེའི་ལུས་འཐོབ་པ་ལས་བྱུང་བས་ན་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་སྐུ་ཕྱིའི་གནོད་པ་རླུང་དང་ཚ་བ་ལ་སོགས་པ་དང་མཚོན་ཆ་ལ་སོགས་པས་ཀྱང་མི་ཚུགས་པ་དང་། ནང་གི་གནོད་པ་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་དང་། ན་བ་དང་ཚ་བ་ལ་སོགས་པས་མི་ཚུགས་པར་བྱེད་པའི་སྐུ་དེ་འཐོབ་པར་བྱ་བའི་ཕྱིར། ཞེས་གསུངས་སོ། །