9993

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རྗེའི་སྐུ
Tibetan Definition (གསང་སྔགས) 1 (དགེ་ལུགས) དག་པའི་སྒྱུ་ལུས་ལ་ཟེར། ཞིབ་པར་བཤད་ན། ཟག་མེད་ཀྱི་རླུང་འོད་ཟེར་ལྔ་པས་ཉེར་ལེན་བྱས་ཏེ་ཤིན་ཏུ་ཕྲ་བའི་རླུང་སེམས་ཙམ་ལས་གྲུབ་པའི་དག་པའི་སྒྱུ་ལུས་ལ་ཟེར། དངུལ་ཆུའི་གསུང་ལྟར་བཀོད། 2 (མདོ་ལུགས) སངས་རྒྱས་ཀྱི་སྐུ་ལུས་ལ་ཟེར། འདི་ལ་རྡོ་རྗེ་ལུས་ཞེས་བརྗོད་པའི་རྒྱུ་མཚན་ནི། འདི་ལ་ཕྱི་འབྱུང་བ་དང་ནང་ཆགས་སོགས་ཀྱི་གནོད་པ་གང་གིས་ཀྱང་མི་ཚུགས་པས་ན་དེ་སྐད་ཅེས་བྱ་སྟེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་རྒྱ་ཆེར་འགྲེལ་པ་༼ ཅི ༽༡༨༠ན༡ལས། རྡོ་རྗེའི་ལུས་འཐོབ་པ་ལས་བྱུང་བས་ན་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་སྐུ་ཕྱིའི་གནོད་པ་རླུང་དང་ཚ་བ་ལ་སོགས་པ་དང་མཚོན་ཆ་ལ་སོགས་པས་ཀྱང་མི་ཚུགས་པ་དང་། ནང་གི་གནོད་པ་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་དང་། ན་བ་དང་ཚ་བ་ལ་སོགས་པས་མི་ཚུགས་པར་བྱེད་པའི་སྐུ་དེ་འཐོབ་པར་བྱ་བའི་ཕྱིར། ཞེས་གསུངས་སོ། །3 (བཀའ་བརྒྱུད) ཟག་པ་དང་བཅས་པའི་ལུས་ཉིད་དྭངས་མའི་ཁམས་སུ་རིམ་པར་སྦྱངས་པ་ལས་ཟག་མེད་ཀྱི་སྐུ་བྱུང་བ་ཉིད་ལ་རྡོ་རྗེའི་སྐུ་ཞེས་བྱ། ཡང་ན་རླུང་སེམས་ཙམ་ལས་གྲུབ་པའི་ལྷའི་སྐུ་ལ་ཟེར། རྡོ་རྗེའི་ལུས་ཞེས་པའི་ཐད་དུ་གཟིགས།