100062

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤར་ཁའི་དར་གུད་ (1)
Part of speech མིང་ཚིག
Definition སྤར་ཁ་བརྒྱད་ཀྱི་སྟེང་དུ་བསྐོར་པའི་དར་གུད་བཅུ་གཉིས་ལ་ཟེར་ཏེ། དེ་ཡང་བརྩི་བྱའི་སྲོག་ཁམས་ཤིང་ཡིན་ན་ཟིན་དང་། མེ་ཡིན་ན་ལི། ལྕགས་ཡིན་ན་དྭ། ས་ཆུ་ཡིན་ན་ཁམ་བཅས་ནི་དབུགས་ལེན་སའི་སྐོར་འགོ་ཡིན་ཞིང་། སྐོར་འགོ་དེ་ནས་དབུགས་བླངས་ཏེ་མངལ་གནས་སོགས་སྤར་ཁ་བརྒྱད་ཀྱི་སྟེང་དུ་གཡས་བསྐོར་ལ་བགྲངས་ན་རྩིས་བྱེད་ལོ་དེའི་སོ་སོའི་བབས་སྤར་སྟེང་དུ་འབབ་པའི་དར་གུད་ནི་བརྩི་བྱ་དེ་དག་གི་ལོ་དེའི་སྤར་ཁའི་དར་གུད་ཡིན། སྤར་ཁ་དང་དར་གུད་གྲངས་མཉམ་མིན་པས་སྐོར་འགོ་དག་ནས་བརྩིས་པའི་སྤར་ཁ་བཞི་བཞི་ལ་དར་གུད་ཉིས་བརྩེགས་འབབ་པས། སྲོག་ཁམས་ཤིང་ཡིན་པའི་བརྩི་བྱ་དག་གི་བབས་སྤར་ཟིན་ཡིན་ན་སྤར་ཁའི་དར་གུད་དབུགས་ལེན་དང་གུད་པ། ཟོན་ཡིན་ན་མངལ་གནས་དང་ན་བ། ལི་ཡིན་ན་ལུས་རྫོགས་དང་ཤི་བ། ཁོན་ཡིན་ན་བཙས་པ་དང་དུར་ཞུགས། དྭ་ཡིན་ན་ཁྲུས་བྱེད། ཁེན་ཡིན་ན་གོས་གྱོན། ཁམ་ཡིན་ན་ལས་བྱེད། གིན་ཡིན་ན་དར་བ་བཅས་ཡིན། དེ་བཞིན་དུ་སྲོག་ཁམས་མེ་ཡིན་པའི་བརྩི་བྱ་དག་གི་བབས་སྤར་ལི་དང་། ལྕགས་ཡིན་པ་དག་གི་བབས་སྤར་དྭ། ས་ཆུ་ཡིན་པ་དག་གི་བབས་སྤར་ཁམ་བཅས་ཡིན་ན་སྤར་ཁའི་དར་གུད་དབུགས་ལེན་དང་གུད་པ། གོང་དུ་སྔ་ཕྱིའི་རིམ་པ་ལྟར་བབས་སྤར་ཁོན་དང་། ཁེན། གིན་བཅས་ཡིན་ན་སྤར་ཁའི་དར་གུད་མངལ་གནས་དང་ན་བ། བབས་སྤར་དྭ་དང་། ཁམ། ཟིན་བཅས་ཡིན་ན་སྤར་ཁའི་དར་གུད་ལུས་རྫོགས་དང་ཤི་བ། བབས་སྤར་ཁེན་དང་། གིན། ཟོན་བཅས་ཡིན་སྤར་ཁའི་དར་གུད་བཙས་པ་དང་དུར་ཞུགས། བབས་སྤར་ཁམ་དང་། ཟིན། ལི་བཅས་ཡིན་ན་སྤར་ཁའི་དར་གུད་ཁྲུས་བྱེད། བབས་སྤར་གིན་དང་། ཟོན། ཁོན་བཅས་ཡིན་ན་སྤར་ཁའི་དར་གུད་གོས་གྱོན། བབས་སྤར་ཟིན་དང་། ལི། དྭ་བཅས་ཡིན་ན་སྤར་ཁའི་དར་གུད་ལས་བྱེད། བབས་སྤར་ཟོན་དང་། ཁོན། ཁེན་བཅས་ཡིན་ན་སྤར་ཁའི་དར་གུད་དར་བ་བཅས་ཡིན་ཞིང་། འབྲས་བུའི་སྐབས་སུ་ལྡབ་པ་དག་ལས་དར་གུད་ཕྱི་མ་གཙོ་ཆེར་འཛིན་དགོས། སྤར་ཁའི་དར་གུད་བསྐོར་ལུགས་གཞན་ཞིག་ལ་བརྩི་བྱ་ཕོ་ཡིན་ན་མཚམས་སྤར་བཞིའི་སྟེང་དུ་དར་གུད་རེ་རེ་དང་། ཕྱོགས་སྤར་བཞིའི་སྟེང་དུ་དར་གུད་ཉིས་བརྩེགས་སམ་ལྡབ་ནས་བགྲངས་དགོས། བརྩི་བྱ་མོ་ཡིན་ན་དེ་ལས་ལྡོག་སྟེ་ཕྱོགས་སྤར་བཞིའི་སྟེང་དུ་དར་གུད་རེ་རེ་དང་། མཚམས་སྤར་བཞིའི་སྟེང་དུ་དར་གུད་ཉིས་བརྩེགས་སམ་ལྡབ་ནས་བགྲངས་དགོས། དེ་བས་བབས་སྤར་གང་གི་སྟེང་དུ་དར་གུད་ལྡབ་དགོས་བྱུང་ཚེ་བརྩི་བྱ་དེ་ཉིད་ཀྱི་ལོ་དེའི་སྤར་ཁའི་དར་གུད་ནི་ཕྱི་མ་དེ་ཡིན། བསྐོར་ལུགས་དེ་ལྟར་ན་སྲོག་ཁམས་ཤིང་ཡིན་པའི་བརྩི་བྱ་སྐྱེས་པ་དག་གི་བབས་སྤར་དྭ་ཡིན་པར་ཆ་བཞག་ན། སྐོར་འགོ་ཟིན་གྱི་སྟེང་དུ་དབུགས་ལེན་དང་མངལ་གནས། ཟོན་གྱི་སྟེང་དུ་ལུས་རྫོགས། ལིའི་སྟེང་དུ་བཙས་པ་དང་ཁྲུས་བྱེད། ཁོན་གྱི་སྟེང་དུ་གོས་གྱོན། དྭའི་སྟེང་དུ་ལས་བྱེད་དང་དར་བ་བཅས་ཡིན་པས། ལོ་དེའི་སྤར་ཁའི་དར་གུད་ནི་བབས་སྤར་དྭའི་སྟེང་དུ་ལྡབ་པའི་ཕྱི་མ་ཁྲུས་བྱེད་ཡིན་པ་ལྟ་བུ་ཡིན། ཡང་སྲོག་ཁམས་ཤིང་ཡིན་པའི་བརྩི་བྱ་བུད་མེད་དག་གི་བབས་སྤར་དྭ་ཡིན་པར་ཆ་བཞག་ན། སྐོར་འགོ་ཟིན་གྱི་སྟེང་དུ་དབུགས་ལེན་དང་། ཟོན་གྱི་སྟེང་དུ་མངལ་གནས་དང་ལུས་རྫོགས། ལིའི་སྟེང་དུ་བཙས་པ། ཁོན་གྱི་སྟེང་དུ་ཁྲུས་བྱེད་དང་གོས་གྱོན། དྭའི་སྟེང་དུ་ལས་བྱེད་བཅས་ཡིན་པས། ལོ་དེའི་སྤར་ཁའི་དར་གུད་ནི་བབས་སྤར་དྭའི་སྟེང་དུ་ཁེལ་བའི་ལས་བྱེད་ཡིན་པ་ལྟ་བུ་ཡིན།
Domain རྩིས་རིག

{{#arraymap:སྤར་ཁའི་དར་གུད་

|; |@@@ | | }}