100318

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤོང་བའི་འདུ་བྱེད་བརྒྱད་ (1)
Part of speech མིང་ཚིག
Definition མདོ། བསྒོམ་པའི་རིམ་པ་ལས་བྱུང་བ་སྟེ། དད་པ། འདུན་པ། རྩོལ་བ། ཤིན་ཏུ་སྦྱངས་པ། དྲན་པ། ཤེས་བཞིན། སེམས་པ། བཏང་སྙོམས་སོ། །
Domain ཆོས་ལུགས།

{{#arraymap:སྤོང་བའི་འདུ་བྱེད་བརྒྱད་

|; |@@@ | | }}

སྤོང་བའི་འདུ་བྱེད་བརྒྱད་ (2)
Part of speech མིང་ཚིག
Definition འཕགས་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། འདུན་པ་ནི། ནམ་ཞིག་ན་བདག་གི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་འགྱུར་ཞིང་སྡིག་པ་མི་དགེ་བའི་ཆོས་རྣམས་ཀྱི་བག་ལ་ཉལ་སྤོང་བར་འགྱུར་ཞིག་སྙམ་དུ་སེམས་པའོ། ། རྩོལ་བ་ནི། གཉེན་པོ་བསྒོམ་པ་ལ་སྦྱོར་བ་མི་གཏོང་བ་ཉིད་གང་ཡིན་པའོ། ། དད་པ་ནི། སྦྱོར་བ་མ་བཏང་བར་གནས་པའི་གོང་དུ་རྟོགས་པར་བྱ་བ་དང། དང་ཞིང་མངོན་པར་ཡིད་ཆེས་པ་གང་ཡིན་པའོ། ། ཤིན་ཏུ་སྦྱངས་པ་ནི། དད་པ་དང་དང་བ་སྔོན་དུ་བཏང་བའི་མཆོག་ཏུ་དགའ་བ་དང་དགའ་བ་སྟེ། ཡིད་དགའ་བར་འགྱུར་བའི་རིམ་གྱིས་སྡིག་པ་མི་དགེ་བའི་ཆོས་ཀྱི་ཕྱོགས་ཀྱི་གནས་ངན་ལེན་སྤངས་ཤིང་སྦྱངས་པ་གང་ཡིན་པའོ། །དྲན་པ་ནི། ཞི་གནས་ཀྱི་ཕྱོགས་ཀྱི་སེམས་གནས་པ་དགུ་ཡང་དག་པར་འཛིན་པར་བྱེད་པ་གང་ཡིན་པའོ། ། ཤེས་བཞིན་ནི། ལྷག་མཐོང་གི་ཕྱོགས་ཀྱི་ཤེས་རབ་ཀྱི་སྤྱོད་པ་བཞི་དང་བཞིའི་རབ་ཏུ་དབྱེ་བ་རྣམ་པ་དྲུག་གང་ཡིན་པའོ། ། སེམས་པ་ནི། སེམས་མངོན་པར་འདུ་བྱེད་པ་སྟེ། སྤངས་པ་དང་མ་སྤངས་པ་ལ་དཔྱོད་པར་བྱེད་པའི་སེམས་མངོན་པར་འདུ་བྱེད་པ་གང་ཡིན་པ་དང། ཞི་གནས་དང་ལྷག་མཐོང་དང་རྗེས་སུ་མཐུན་པའི་ལུས་ཀྱི་ལས་དང་ངག་གི་ལས་ཀུན་ནས་སློང་བར་བྱེད་པ་གང་ཡིན་པའོ། ། བཏང་སྙོམས་ནི། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སྡིག་པ་མི་དགེ་བའི་ཆོས་དང་མཐུན་པ་དག་ལ་དཔྱོད་པའི་སེམས་ཀུན་ནས་ཉོན་མོངས་པ་མེད་ཅིང་སེམས་མཉམ་པ་ཉིད་དུ་བྱེད་པ་གང་ཡིན་པའོ། །

{{#arraymap:སྤོང་བའི་འདུ་བྱེད་བརྒྱད་

|; |@@@ | | }}

སྤོང་བའི་འདུ་བྱེད་བརྒྱད་ (3)
Part of speech མིང་ཚིག
Definition ལེ་ལོ་སོགས་ཉེས་པ་ལྔ་སྤོང་བར་བྱེད་པའི་གཉེན་པོ་བརྒྱད་ལ་སྤོང་བའི་འདུ་བྱེད་བརྒྱད་ཅེས་བརྗོད། དེ་དག་གི་ངོས་འཛིན་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། སྤོང་བའི་འདུ་བྱེད་བརྒྱད་ཡོད་དེ། ལེ་ལོའི་གཉེན་པོ་བཞི་དང། ཉེས་པ་ལྷག་མ་བཞིའི་གཉེན་པོ་བཞི་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ལེ་ལོའི་གཉེན་པོ་དངོས་བརྩོན་འགྲུས་དང། དེའི་གནས་འདུན་པ་དང། དེའི་རྒྱུ་དད་པ་དང། བརྩོན་འགྲུས་ཀྱི་འབྲས་བུ་ཤིན་སྦྱངས་རྣམས་སུ་ཡོད་པའི་ཕྱིར། དབུས་མཐའ་ལས། གནས་དང་དེ་ལ་གནས་པ་དང། །རྒྱུ་དང་འབྲས་བུ་ཉིད་དུའོ། །ཞེས་གསུངས། ཕྱི་མ་གྲུབ་སྟེ། གདམས་ངག་བརྗེད་པའི་གཉེན་པོར་དམིགས་རྣམ་མི་བརྗེད་པའི་དྲན་པ་དང། བྱིང་རྒོད་ཀྱི་གཉེན་པོར་བྱིང་རྒོད་བྱུང་བ་ལ་བྱུང་བར་ཤེས་པའི་ཤེས་བཞིན་དང། ཉེས་པ་བཞི་པའི་གཉེན་པོར་བྱིང་རྒོད་སྤོང་བའི་སེམས་པ་དང། ལྔ་པའི་གཉེན་པོར་འབད་མེད་ལྷུན་གྲུབ་ཏུ་འཇུག་པའི་བཏང་སྙོམས་སྒོམ་དགོས་པའི་ཕྱིར་ཏེ། དབུས་མཐའ་ལས། དམིགས་པ་བརྗེད་པར་མ་གྱུར་དང། །བྱིང་དང་རྒོད་པ་རྟོགས་པ་དང། །དེ་སྤོང་མངོན་པར་འདུ་བྱེད་དང། །ཞི་ཚེ་རྣལ་དུ་འཇོག་པའོ། །ཞེས་གསུངས་སོ། །

{{#arraymap:སྤོང་བའི་འདུ་བྱེད་བརྒྱད་

|; |@@@ | | }}