101058
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མ་བསྒྲིབས་ལུང་མ་བསྟན་གྱི་དབྱེ་བ་བཞིའི་ནང་གསེས་ཤིག་སྟེ། མངོན་ཤེས་ཀྱི་འབྲས་བུ་སྤྲུལ་བ་སྤྲུལ་པའི་སེམས་སོ། །དེ་ཡང་སྤྲུལ་པ་བྱ་བའི་ཡུལ་གཟུགས་སོགས་བཞི་ལ་དམིགས་ནས་དེ་གཞན་དུ་སྤྲུལ་པས་སྤྲུལ་པའི་སེམས་ཏེ། དེའི་དམིགས་པ་ནི་གཟུགས་དང་དྲི་དང་རོ་དང་རེག་བྱ་རྣམས་ཡིན་ལ། དེའི་ངོ་བོ་ནི། བསྒོམས་པའི་འབྲས་བུ་གང་ཡིན་པ་ཐམས་ཅད་ལུང་དུ་མ་བསྟན་པ་ཡིན་ལ། ལྷ་ཀླུ་དང་ཤ་ཟ་ལ་སོགས་པའི་སྐྱེ་བ་ལས་སྐྱེས་ཤིང་ཐོབ་པའི་སྤྲུལ་སེམས་ནི་ཕན་པ་དང་གནོད་པ་བྱ་བའི་ཕྱིར་སྤྲུལ་པར་བྱེད་པ་དང་བཏང་སྙོམས་པ་ཡིན་པའི་ཕྱིར་དགེ་མི་དགེ་ལུང་མ་བསྟན་རྣམ་པ་གསུམ་མོ། །དེ་ལ་དབྱེ་ན་བཅུ་བཞི་སྟེ། བསག་གཏན་དང་པོའི་འབྲས་བུ་སྤྲུལ་སེམས་ནི་གཉིས་ཏེ། འདོད་པ་དང་བསམ་གཏན་དང་པོའི་ས་པ་དག་དང། བསམ་གཏན་གཉིས་པའི་འབྲས་བུ་སྤྲུལ་སེམས་ནི་ས་འོག་མ་པ་གཉིས་དང་རང་གི་ས་པ་སྟེ་གསུམ་དང་། དེ་བཞིན་དུ་བསམ་གཏན་གསུམ་པ་དང་། བཞི་པའི་ས་པ་དག་ཀྱང་བཞི་དང་ལྔར་སྦྱོར་པར་བྱའོ། །བསམ་གཏན་གྱི་འབྲས་བུ་སྤྲུལ་སེམས་ནི་རང་གི་ས་པ་དང་ས་འོག་མ་ཡིན་པར་རིག་པར་བྱའོ། །བསམ་གཏན་འོག་མའི་འབྲས་བུ་ས་གོང་མའི་སྤྲུལ་པའི་སེམས་ནི་མེད་དོ། །འདོད་པ་ན་སྤྱོད་པའི་སྤྲུལ་པ་བསམ་གཏན་གཉིས་པ་ལ་སོགས་པའི་འབྲས་བུ་ནི། །བསམ་གཏན་དང་པོའི་ས་པ་དེའི་འབྲས་བུ་ལས་འགྲོས་ཀྱི་སྒོ་ནས་ཁྱད་པར་དུ་འཕགས་སོ། །དེ་དག་རྙེད་ཚུལ་ནི། བསམ་གཏན་གྱི་དངོས་གཞི་བཞིན་དུ་འོག་ས་ལས་འདོད་ཆགས་དང་བྲལ་བའི་སྒོ་ནས་རྙེད་དོ། །དེ་ཉིད་གང་ལས་ལྡང་པ་ནི། སྤྲུལ་སེམས་དེ་ནི་ཐོག་མར་མངོན་དུ་བྱེད་ཅིང་སྤྲུལ་སེམས་ལ་འཇུག་པ་ན་བསམ་གཏན་དག་པ་པ་དང་རྒྱུན་གྱི་ཚེ་སྤྲུལ་སེམས་རང་ཉིད་ལས་སྐྱེ་བར་འགྱུར་ལ། སྤྲུལ་སེམས་ལ་གནས་པ་དེ་ལྡང་བ་ན་ཏིང་ངེ་འཛིན་ལ་མ་ཞུགས་པར་ལྡང་བ་མེད་པས་སྤྲུལ་སེམས་དེ་ལས་ཀྱང་སྤྲུལ་སེམས་ལས་ལངས་པའི་ཚེ་བསམ་གཏན་དག་པ་པ་དང་། རྒྱུན་གྱི་ཚེ་སྤྲུལ་སེམས་རང་ཉིད་དང་གཉིས་སྐྱེ་བར་འགྱུར་གྱི་གཞན་དང་གཞན་ལས་ནི་འབྱུང་བ་མེད་དོ། །སྤྲུལ་པ་ཐམས་ཅད་ཀྱང་རང་རང་གི་ས་པའི་སྤྲུལ་པའི་སེམས་ཀྱིས་རང་སའི་སྤྲུལ་པ་སྤྲུལ་བྱེད་ཀྱི་ས་གཞན་པའི་སྤྲུལ་སེམས་ཀྱིས་ནི་ས་གཞན་གྱི་སྤྲུལ་པ་སྤྲུལ་པར་མི་བྱེད་དོ་ཞེས་པ་འདི་སྤྱིར་བཏང་ཡིན་གྱི། །དམིགས་བསལ་བསམ་གཏན་གཉིས་པ་ཡན་ཆད་པ་དག་གི་སྤྲུལ་པ་ངག་སྨྲར་འཇུག་པ་ནི་རང་ས་ནས་རྟོག་དཔྱོད་མེད་ཅིང་ངག་སྨྲ་བ་ཀུན་སློང་རྟོག་དཔྱོད་ལ་ངེས་པར་ལྟོས་པས་ས་འོག་མ་བསམ་གཏན་དང་པོའི་ས་པའི་སྨྲ་སེམས་ཁོ་ནས་སྨྲར་འཇུག་ལ། །འདོད་པ་དང་བསམ་གཏན་དང་པོ་ན་ནི་རང་གི་ས་པའི་སེམས་ཁོ་ནས་སྨྲར་འཇུག་གོ ། སྤྲུལ་པའི་ཚུལ་ནི། སྤྲུལ་སེམས་འདི་དག་དང་པོར་ཏེ་མ་བྱང་པའི་ཚེ་སྤྲུལ་སེམས་དུ་མས་སྤྲུལ་པ་གཅིག་སྤྲུལ་པ་ཡིན་ཏེ། ཡུན་རིང་དུ་འབད་དགོས་པའི་ཕྱིར་རོ། །ཕྱིས་མངོན་ཤེས་བྱང་བར་གྱུུར་ནས་ནི་སྔ་མ་ལས་བཟློག་པ་སྤྲུལ་སེམས་གཅིག་གིས་དུ་མ་སྤྲུལ་བར་བྱེད་དོ། ། |
| Domain | ཆོས་ལུགས། |