101079
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | གཙང་གཡོན་རུ་ཞ་ལུར། ཡབ་བསོད་ནམས་འབྱུང་ལྡན་དང་། ཡུམ་སྐྱིད་པ་ལགས་ཞེས་པའི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ས་ཁྱི་(༡༦༥༨)ལོར་སྐུ་བལྟམས། མཚན་བསོད་ནམས་རབ་བརྟན་དུ་གསོལ། ཆུང་ངུ་ནས་སྔོན་གནས་རྗེས་དྲན་མང་པོ་གསུངས་པར་བརྟེན། འབའ་རའི་གདན་ས་བ་ནོར་བུ་རྒྱལ་མཚན་གྱིས། གོང་མའི་ཞལ་དཀར། ཕྱག་འཕྲེང་རྣམས་བསྐུར་ནས་ངོས་འཛིན་དུ་བཅུག་པས་མ་ནོར་བར་ངོས་ཟིན། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཀྱང་དེ་ཁ་རང་ཡིན་གསུངས། དགུང་ལོ་ལྔ་ཙམ་ལ་གདན་ས་འབའ་ར་དོན་གྲུབ་སྡིངས་སུ་ཁྲི་གསོལ་མཛད། མཁན་ཆེན་ཞ་ལུ་བ་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱི་དྲུང་དུ་གཙུག་ཕུད་ཕུལ། མཚན་རིན་ཆེན་བསྟན་པའི་གསལ་བྱེད་གྲགས་པ་རྒྱལ་མཚན་དཔལ་བཟང་པོར་གསོལ། ཕྱིས་དབང་ཆོས་མང་པོ་གསན། དེ་ནས་བཟུང་ཆོས་གྲྭ་ཆེན་པོ་ཞ་ལུར། འབྲི་ཀློག་སོགས་སྦྱངས་ནས་ཡུན་རིང་བཞུགས། ལྷ་སར་༸གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོ་ལ་མཇལ་ཁ་ཞུས། དེ་ནས་གདན་ས་འབའ་རར་ཕེབས། གདན་ས་བ་དང་ཅུང་ཟད་ཐུགས་མ་མཐུན་པས། གྲུབ་ཐོབ་དཀོན་མཆོག་རྒྱལ་མཚན་འབའ་རར་གདན་དྲངས་ཏེ། སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་ཁྲིད་སོགས་འབར་ཆོས་ཐར་གྲུ་སྐོར་གསུམ་མ་ལུས་པ་གསན། ཕྱག་ལེན་ཕྲ་མོ་ཚུན་ཆུད་བརྡ་ཙམ་ཕུལ་བས་ཐུགས་ལ་ངེས་ཤིང། སྐུ་མཚམས་ཟླ་དགུ་མ་ལ་བཞུགས་ནས་དགུང་ལོ་བཅུ་གསུམ་དུས་རས་ཕུད་གནང་བས་བདེ་དྲོད་ཀྱི་རྟགས་ཐོན། བཅུ་དྲུག་ནས་ལོ་གསུམ་ལ་སྐུ་མཚམས་ལ་བཞུགས་ནས་འབར་ཆོས་ཀྱི་ཟབ་ཁྲིད་ལ་ཉམས་བཞེས་མཛད་པས་ཉམས་རྟོགས་བླ་ན་མེད་པ་འཁྲུངས། དེ་གྲོལ་ནས་དབུས་སུ་༸གོང་ས་རྒྱལ་བའི་དབང་པོ་ལ་དགེ་ཚུལ་ཞུས། ཉེར་དགུ་པར་ཆོས་གྲྭ་ཆེན་པོ་དཔལ་རྩེ་གདོང་དུ། ཁྲི་ཆེན་འཇམ་དབྱངས་བསོད་ནམས་བསྟན་འཛིན་དབང་པོས་མཁན་པོ་མཛད་དེ་བསྙེན་པར་རྫོགས། གཙོ་བོར་འབའ་རར་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་པའི་བར་མཚམས་སུ་དད་འདུས་ལ་དབང་ཆོས་ནར་མར་གནང། སྐབས་ཤིག་ཆབ་ཕུའི་རི་ཁྲོད་ཤངས་མཁར་ཞེས་པ་དབེན་ཞིང་ཉམས་དགའ་བ་དེར་ཟླ་བ་བཅུ་བཞིའི་རིང་མེ་ཏོག་བཅུད་ལེན་ཁོ་ནས་ངེ་འཛིན་ལ་བཞུགས། གཞན་ཡང་ཆུ་དབར། ག་ཐོག ལྕགས་པ། གྲུམ་པ་གངས་ར། ཕག་རི་སོགས་ཕེབས་ནས་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད། ཁྱད་པར་ཆོས་བརྒྱུད་གཅིག་པའི་གྲུམ་པ་གངས་རའི་དགོན་སྡེའང་གཟིགས་སྐྱོང་མཛད་བཞིན་པར་སོ་དགུ་པ་མེ་བྱི་(༡༦༩༦)ལོའི་ཟླ་བ་གཉིས་པའི་ཚེས་བདུན་ལ་གཟུགས་སྐུའི་བཀོད་པ་བསྡུས་སོ། ། སློབ་མ་ནི་འཇམ་དཔལ་གླིང་པ་བློ་གྲོས་ཆོས་འཕེལ། ཁམ་བུ་ནས་ཟམ་ཟར་ཞལ་ངོ་། ཞོང་ཞོང་གྲུབ་པ་རིན་པོ་ཆེ། རྒྱལ་པོ་ཀུན་སྤངས་པ་ལྷ་བཙུན་རྡོ་རྗེ། གྲུབ་ཆེན་ངག་དབང་རྒྱལ་མཚན་སོགས་དང་། གཞན་ཡང་བྱང་སེམས་རིན་ཆེན་ཆོས་དཔལ་གྱི་སྐུ་སྐྱེ་བཞི་པ་རིག་འཛིན་ཀུན་དགའ་རྡོ་རྗེ། འབྲས་མོ་གཤོང་ནས་གྲུབ་ཐོབ་ཆེན་པོའི་སྐུ་ཚ་དབོན་རིན་ཆེན་རྡོ་རྗེ་ལ་འབར་ཆོས་ཡོངས་རྫོགས་གནང་བའོ། ། |
{{#arraymap:སྤྲུལ་སྐུ་རིན་ཆེན་བསྟན་པའི་གསལ་བྱེད་
|; |@@@ | | }}