101498

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱངས་པའི་ཡོན་ཏན་བཅུ་གཉིས་ (1)
Part of speech མིང་ཚིག
Definition མདོ། རབ་ཏུ་བྱུང་བ་རྣམས་ཀྱི་རང་རྒྱུད་ཀྱི་ཆགས་སོགས་ཉེས་པ་སྦྱོང་བྱེད་ཀྱི་ཡོན་ཏན་དག་གོ ། དེ་ལ་སྤྱིར་དབྱེ་བ་དང་ནང་གསེས་ཀྱི་དབྱེ་བ་སྤང་བྱ་གང་གི་གཉེན་པོ་བྱེད་པ་སོགས་ཞིབ་པར་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡོད་དེ། བསོད་སྙོམས་པ་དང་སྟན་གཅིག་ཕྱིས་མི་ལེན། །ཆོས་གོས་གསུམ་དང་ཕྱིངས་པ་ཕྱག་དར་ཁྲོད། །དགོན་པ་ཤིང་དྲུང་པ་དང་བླ་གབ་མེད། །ཙོག་པུ་དུར་ཁྲོད་པ་དང་གཞི་ཇི་བཞིན། །ཞེས་པ་རྣམས་ཡིན་པའི་ཕྱིར། ནང་གསེས་ཀྱིས་ཕྱེ་ན་མང་པོར་འགྱུར་ཏེ། དང་པོ་ལ། རྙེད་པས་ཆོག་པའི་བསོད་སྙོམས་པ་དང་། མཐར་གྱིས་སློང་བ་གཉིས། གཉིས་པ་ལ། སྟན་གྱི་མཐའ་ཅན་གྱི་སྟན་གཅིག་པ། ཆུའི་མཐའ་ཅན་གྱི་སྟན་གཅིག་པ། ཟས་གྱི་མཐའ་ཅན་གྱི་སྟན་གཅིག་པ་གསུམ། གསུམ་པ་ལ་དུས་གཅིག་པ་དང་། གསོག་རུམ་པ་གཉིས། ཕྱག་དར་ཁྲོད་པ་ལ། དོར་བ་ཕྱག་དར་ཁྲོད་པ་དང་། དུས་ཚིགས་སུ་བཅད་པའི་ཕྱག་དར་ཁྲོད་པ་གཉིས། ཙོག་པུ་པ་ལ་ཆེ་འབྲིང་ཆུང་གསུམ་རྣམས་སུ་ཡོད་པའི་ཕྱིར། བཅུ་གཉིས་པོ་འདི་དག་གིས་ཆགས་པ་གང་གི་གཉེན་པོ་བྱེད་པའང་ཡོད་དེ། དང་པོས་ཟས་བཟང་པོ་ལ་སྲེད་པའི་གཉེན་པོ་བྱེད། གཉིས་པ་དང་གསུམ་པས་ཟས་མང་པོ་ལ་སྲེད་པའི་གཉེན་པོ་བྱེད། བཞི་པས་གོས་མང་པོ་ལ་སྲེད་པའི་གཉེན་པོ་བྱེད། ལྔ་པས་གོས་འཇམ་པོ་ལ་སྲེད་པའི་གཉེན་པོ་བྱེད། དྲུག་པས་གོས་བཟང་པོ་ལ་སྲེད་པའི་གཉེན་པོ་བྱེད། བདུན་པས་འདུ་འཛི་ལ་སྲེད་པའི་གཉེན་པོ་བྱེད། བརྒྱད་པ་དང་དགུ་པས་གནས་ལ་སྲེད་པའི་གཉེན་པོ་བྱེད། བཅུ་པས་གློས་ཕབ་སྟེ་ཉལ་བ་ལ་སྲེད་པའི་གཉེན་པོ་བྱེད། བཅུ་གཅིག་པས་ཕྱི་ལོངས་སྤྱོད་དང་ནང་སེམས་ཅན་ལ་སྲེད་པའི་གཉེན་པོ་བྱེད། བཅུ་གཉིས་པས་གནས་མལ་ལ་སྲེད་པའི་གཉེན་པོ་བྱེད་པའི་ཕྱིར། དེ་རྣམས་ཕལ་ཆེར་རྟོགས་སླ་ཞིང་། ཞེས་གསུངས།
Domain ཆོས་ལུགས།