101627

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱིན་པའི་མི་མཐུན་ཕྱོགས་སེར་སྣ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། དག་པའི་སྦྱིན་པ་དང་འགལ་བ་ངོས་བཟུང་ན། སེར་སྣས་གཞན་ལ་སྟེར་མི་ནུས་པ་དང། ནུས་ཀྱང་མ་དག་པའི་སྦྱིན་པ་དང་འདྲེས་པ་སྟེར་བ། མ་དག་པ་དང་མ་འདྲེས་ཀྱང་རྫོགས་པའི་སངས་རྒྱས་ཀྱི་རྒྱུར་མི་འགྲོ་བ་སྟེ་གསུམ་མོ། །སེར་སྣའི་ཉེས་དམིགས་ལ། ཚེ་འདིའི་ཉེས་པ་ནི། འཇིག་རྟེན་ཐམས་ཅད་ཀྱིས་བརྙས་པར་འགྱུར་བའང་། སློབ་དཔོན་འཕགས་པས། སྤྱད་པས་འདི་ལ་བདེ་བ་སྟེ། །བྱིན་པས་གཞན་དུ་བདེ་བ་ཡིན། །མ་སྤྱད་མ་བྱིན་ཆུད་ཟོས་པ། །སྡུག་བསྔལ་འབའ་ཞིག་ག་ལ་བདེ། །ཞེས་གསུངས་ལ། ནམ་དགོས་ཚེ་ན་ལེན་པ་ཡིན། །ནོར་ནི་སྦྱིན་པ་ཐུབ་པས་གསུངས། །བསགས་པའི་ནོར་ནི་སྦྲང་རྩི་ལྟར་། །ནམ་ཞིག་གཞན་གྱིས་སྤྱོད་པར་འགྱུར། །ཞེས་བར་སྐབས་ཚིགས་བཅད་འདི་དག་གི་དོན་ཡང་བསམ་པར་བྱའོ། །སྐྱེ་བ་གཏན་གྱི་བདེ་བ་འཇོམས་པའང། སྡུད་པ་ལས། སེར་སྣ་ཅན་ནི་ཡི་དྭགས་གནས་སུ་སྐྱེར་བར་འགྱུར། །ཅི་སྟེ་མིར་སྐྱེས་ན་ཡང་དེ་ཚེ་དབུལ་པོར་འགྱུར། །ཞེས་གསུངས་པས། སྤྱིར་སེར་སྣ་ཅན་ལ་ཕུན་སུམ་ཚོགས་པ་མི་སྲིད། མ་དག་པའི་སྦྱིན་པ་བཏང་ཡང་ཞིང་ཚ་སྒོ་ཅན་ལ་ས་བོན་བཏབ་པ་ལྟར་འབྲས་བུ་འབྱིན་མི་ནུས། འབྲས་བུ་ཅུང་ཟད་བྱུང་ཡང་། ཆུ་སྐྱར་གྱིས་ཉ་རོ་རྙེད་པ་ལྟར་ལོངས་སྤྱོད་བདེ་བའི་གྲོགས་སུ་མི་འགྱུར། ཅུང་ཟད་བདེ་བའི་གྲོགས་སུ་གྱུར་ནའང། ཆུ་ཤིང་གི་འབྲས་བུ་སྨིན་པ་ལྟར་འཁོར་བ་དང། མྱ་ངན་ལས་འདས་པའི་མཐའ་གཅིག་ཏུ་ཟད་པར་འགྱུར་རོ། །ཞེས་ཆོས་རྗེ་ས་པཎ་གྱི་ཐུབ་པ་དགོངས་གསལ་ལས་སོ། །
Domain ཆོས་ལུགས།