101646
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། སྦྱིན་བདག་གིས་ཕུལ་བའི་དད་རྫས་ལ་ལོངས་སྤྱོད་ཚུལ་ནི་བདག་པོའི་ཚུལ་དུ་ལོངས་སྤྱོད་པ་ནས་ལྕགས་སྲེག་འབར་བའི་ཚུལ་གྱི་ལོངས་སྤྱོད་པའི་བར་ཡོད་པ་ཡིན། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། འོ་ན་གོས་ལ་སོགས་པའི་ཡོ་བྱད་སྦྱིན་བདག་གིས་ཕུལ་བ་ལ་ལོངས་སྤྱོད་ཚུལ་ཇི་ཙམ་ཡོད་ཅེ་ན། ལྔ་ཡོད་དེ། བདག་པོའི་ཚུལ་གྱིས་ལོངས་སྤྱོད་པ་དང་། བྱིན་པ་ལེན་པའི་ཚུལ་གྱིས་ལོངས་སྤྱོད་པ་དང་། རྗེས་སུ་གནང་བའི་ཚུལ་གྱིས་ལོངས་སྤྱོད་པ་དང་། བུ་ལོན་གྱི་ཚུལ་དུ་ལོངས་སྤྱོད་པ་དང་། ལྕགས་གོང་དམར་འབར་བའི་ཚུལ་གྱིས་ལོངས་སྤྱོད་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ནི། དགྲ་བཅོམ་པ་རྣམས་དང་། གཉིས་པ་ནི། འཕགས་པ་སློབ་པ་རྣམས་དང་། གསུམ་པ་ནི། ཚུལ་ཁྲིམས་རྣམ་པར་དག་ཅིང་ཐོས་བསམ་ལ་བརྩོན་པའི་སོ་སོ་སྐྱེ་བོ་རྣམས་ཡིན་ཏེ། དགེ་ཚུལ་གྱི་ལོ་དྲི་བར། མི་སློབ་པ་ནི་བདག་པོར་བཤད། །སློབ་པ་བྱིན་པ་ལེན་པ་ཡིན། །བསམ་གཏན་འདོན་དང་ལྡན་པ་ནི། །རྗེས་སུ་གནང་རྣམས་དཀའ་ཐུབ་ཅན། ཞེས་དང་། མདོར། མྱ་ངན་ལས་འདའ་བའི་བསམ་པས་རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་པ་ལ་ནི་གོས་སྟོང་ཕྲག་བརྒྱ་པ་དང་། ཟས་རོ་བརྒྱ་པ་དང་། ཁང་པ་བརྩེགས་པ་ལྔ་བརྒྱ་པ་ཡང་འོས་སོ་ཞེས་འབྱུང་བའི་ཕྱིར་རོ། །བཞི་པ་ནི། ཚུལ་ཁྲིམས་དང་ལྡན་ཡང་ལེ་ལོས་ཀློག་པ་སོགས་མི་ནུས་པའི་རབ་བྱུང་དང་། ལྔ་པ་ནི་ཚུལ་ཁྲིམས་འཆལ་བ་རྣམས་ཡིན་ཏེ། མདོར། ལེ་ལོ་ཅན་ལ་ནི་བླངས་པ་དང་ཉེ་བར་སྤྱད་པ་བུ་ལོན་དུ་འགྱུར་རོ་ཞེས་དང་། ཚུལ་ཁྲིམས་འཆལ་བ་ལ་ནི་མ་ཡིན་ནོ། །ཞེས་དང་། ལུང་རྣམ་འབྱེད་ལས། ལྕགས་གོང་མེ་ལྕེ་འབར་བ་དག ། ཟོས་པར་གྱུར་པ་མཆོག་ཡིན་གྱི། །ཚུལ་འཆལ་ཡང་དག་མི་སྡོམ་པ། །ཡུལ་འཁོར་བསོད་སྙོམས་ཟ་བ་མིན། །ཞེས་གསུངས་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |