101658

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱིན་སྲེག་ (1)
Part of speech མིང་ཚིག
Definition ལྷ་རྣམས་ཚིམ་པར་བྱ་བ་དང། །སྔགས་ཀྱི་འབྲས་བུ་འབྱིན་པའི་ཕྱིར། །རྫས་སྔགས་གྲངས་མཉམ་བགྲངས་པ་ཡི། །སྦྱིན་བསྲེག་བྱ་བར་རྒྱུད་ལས་གསུངས། ཞེས་དང། །དེས་ན་རྫས་སྔགས་རེ་རེ་བཞིན། །བགྲངས་པའི་གྲངས་ཀྱིས་ལས་བཞི་ལ། །སོ་སོའི་རྫས་སྔགས་གཙོར་བྱས་པའི། །བསྙེན་པའི་བཅུ་ཆ་བསྒྲུབ་པར་བྱ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་ཁ་སྐོང་ལེགས་བཤད་འོད་ཀྱི་སྣང་བ་ལས་སོ། ། དཀྱིལ་འཁོར་གྱི་ལྷ་རྣམས་སྦྱིན་སྲེག་གིས་ཚིམ་པར་བྱ་བ་དང། བསྙེན་སྔགས་བཟླས་པའི་འབྲས་བུ་མྱུར་དུ་འབྱིན་པའི་ཕྱིར་རྫས་རེ་དང་སྔགས་རེ་བསྟུན་ནས་གྲངས་མཉམ་དུ་བགྲངས་པའི་སྒོ་ནས་སྦྱིན་སྲེག་བྱ་བ་ཡིན་ཏེ། བསྙེན་པ་འབུམ་ཕྲག་གཅིག་ལ་ནི། །སྦྱིན་སྲེག་ཁྲི་ཕྲག་བྱ་བར་བཤད། །ཅེས་གསུངས་པའི་ཕྱིར། དེས་ན་རྫས་དང་སྔགས་རེ་རེ་བཞིན་བགྲངས་པས་གཟུང་ལ། ཞི་བ་ལ་ཏིལ་སྔགས་དང། རྒྱས་པ་ལ་ཟས་མཆོག་གི་སྔགས་སོགས་ལས་སོ་སོའི་རྫས་སྔགས་གཙོ་བོར་བྱས་པའི་སྒོ་ནས་སྔར་བསྙེན་པ་གར་སོང་དེའི་གྲངས་ཀྱི་བཅུ་ཆ་བསྒྲུབ་པར་བྱ་སྟེ། དེ་ནི་དམ་པ་གོང་མའི་ཕྱག་ལེན་རྒྱུད་དང་གྲུབ་པའི་གཞུང་གི་དགོངས་པ་ཡིན་པའི་ཕྱིར། ཡང། ཤོག་ངོས་རེ་གསུམ་པའི་ཐད་དུ། སྙིང་པོར་དྲིལ་ན་སྦྱིན་སྲེག་གི་གྲངས་རེ་རེ་ལ་ལྷ་སྔགས་རྫས་སྔགས་ལས་སྔགས་གསུམ་ཆར་གྲུབ་ན་རབ། ལྷ་སྔགས་དང་རྫས་སྔགས་གཉིས་མ་ཆད་པ་བརྗོད་ཅིང་ལས་སྔགས་སྐབས་དག་ཏུ་བརྗོད་པ་འབྲིང་། ལྷ་སྔགས་སྔོན་འགྲོ་ཙམ་གྱི་སྒོ་ནས་དངོས་གཞི་ལ་རྫས་སྔགས་ཀྱིས་གྲངས་གཟུང་བས་ཀྱང་འགྲུབ་པ་ཡིན་ཏེ། སྦྱིན་སྲེག་ལ་རྫས་སྔགས་གཙོ་ཆེ་བ་སྐབས་དོན་ཡིན་པའི་ཕྱིར། དཔེར་ན་མཆོད་པ་ལ་མཆོད་སྔགས་གཙོ་ཆེ་བ་བཞིན་ནོ། །མཁས་པ་དཔྱོད་ལྡན་དག་དགེས་པར་གྱུར་ཅིག་ཅེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་ཁ་སྐོང་གི་རྣམ་བཤད་རྒྱན་གྱི་མེ་ཏོག་ལས་སོ། །
Domain ཆོས་ལུགས།