101793
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་ངེས་པའི་གསང་སྒོ་འབྱེད་པར་བྱེད་པའི་ཡན་ལག་དྲུག་གི་ནང་གསེས་བདག་གཞན་གྱི་དོན་ལ་སྦྱོར་བའི་ཡན་ལག་རྟོགས་འཇུག་དྲུག་ཅུ་རྩ་གཅིག་སྟེ། བདག་དོན་སྦྱོར་བ་སོ་གཉིས་དང། གཞན་དོན་སྦྱོར་བ་ཉེར་བརྒྱད་དང། རྩ་བའི་སྦྱོར་བའི་ཡན་ལག་གཅིག་བཅས་བརྩིས་པས་རེ་གཅིག་གོ ། ཀུན་མཁྱེན་དམ་པའི་གསུང་སྒྲོས་ལྟར་ན། སྦྱོར་བའམ་རྟོགས་པ་བཞི་དང། ཤེས་པ་བཞི་དང། དགོས་པ་བཞི་དང། ལམ་བཞི་དང། དབང་བཞི་དང། གོམས་པ་བཞི་དང། བསྙེན་བསྒྲུབ་བཞི་དང། མཚན་ཉིད་དང་སྦྱར་བ་བཞིའམ་རིག་འཛིན་བཞི་བཅས་བཞི་ཚོ་བརྒྱད་པོ་ངེས་པར་ལམ་དུ་འཇུག་པའི་རིམ་པ་ཡིན་པས་བདག་དོན་དུ་སྦྱོར་བ་སོ་གཉིས་དང། མངོན་ཤེས་ལྔ་དང། སྒྲུབ་པའི་ཡོ་བྱད་ལྔ་དང། ཆོ་འཕྲུལ་བཞི་དང། ཕྲིན་ལས་བཞི་དང། ཐབས་ལྔ་དང། ཐབས་དང་སྦྱར་བ་ལྔ་སྟེ་གཞན་དོན་དུ་ཐུགས་རྗེ་བྱུང་བས་གཞན་ངེས་པར་སྦྱོར་བ་ཉེར་བརྒྱད་བཅས་བསྡོམས་པས་དྲུག་ཅུ་ཐམ་པའོ། ། མདོ་འགྲེལ་མུན་པའི་གོ་ཆ་ལྟར་ན། རྟོགས་པ་རྣམ་པ་བཞི་དང། མཚན་ཉིད་ཀྱི་ཡན་ལག་བཞི་དང། དགོས་འབྲེལ་བཞི་དང། དཀྱིལ་འཁོར་དུ་འཇུག་པའི་ཡན་ལག་བཞི་ཚོ་གཉིས་དང། སེམས་འཇུག་པའི་རིམ་བ་བཞི་དང། བསྙེན་བསྒྲུབ་བཞི་དང། དེའི་དོན་ཤེས་པར་བྱ་བ་དེ་བཞིན་མཉམ་གྱུར་སོགས་བཞི་སྟེ། བཞི་ཚོ་བརྒྱད་ཀྱིས་སོ་གཉིས་བདག་དོན་དང་། ཆོ་འཕྲུལ་བཞི་དང། ཐབས་སྦྱར་ལྔ་དང། སྔགས་ཀྱི་རང་བཞིན་ལྔ་དང། ཕྲིན་ལས་བཞི་དང། ཐབས་ཀྱི་ཡན་ལག་ལྔ་དང། དེས་དོན་ལ་སྦྱོར་ཐབས་ལྔ་སྟེ་ལྔ་ཕྲག་བཞི་དང་བཞི་ཕྲག་གཉིས་བཅས་ཉེར་བརྒྱད་གཞན་དོན་མཛད་པར་སྦྱར། བགྲང་ལུགས་གཉིས་ཀའང་དོན་ལ་ཁྱད་པར་མེད་པར་གཟི་ལྡན་འཆར་ཁའི་འོད་སྣང་ལས་གསུངས། |
| Domain | ཆོས་ལུགས། |