1018

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀླུ་སྒྲུབ་ (1)
Part of speech མིང་ཚིག
Definition དཔལ་མགོན་འཕགས་པ་ཀླུ་སྒྲུབ་མཆོག་ནི། ལང་གཤེགས་དང་། འཇམ་དཔལ་རྩ་རྒྱུད་ལས་ལུང་བསྟན་པ་ལྟར། སྟོན་པ་འདས་ནས་ལོ་བཞི་བརྒྱ་ཙམ་ན་ལྷོ་ཕྱོགས་བཻདརྦྷའི་ཡུལ། ཀ་ར་ཧ་ཞེས་བྱ་བའི་ཚོང་དུས་ན། ཡབ་རྒྱལ་པོ་ཏྲིག་ཏྲམ་དང་ཡུམ་བྲམ་ཟེ་མོ་གྷྲི་ཧི་དྷི་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། (དུང་དཀར་ཚིག་མཛོད་ནང་དུ། སློབ་དཔོན་འདི་ཉིད་རྒྱ་གར་ལྷོ་ཕྱོགས་སུ་བྱོན་པའི་དུས། ཕྱི་ལོའི་དུས་རབས་དང་པོའི་མགོ་ཚུགས་པ་ཡིན་ཚོད་འདུག་ཀྱང་། དེ་ལས་གསལ་བའི་ལོ་རྒྱུས་ཞིབ་ཆ་ད་ཕན་ཁོ་བོས་མ་མཐོང་། ) ཕྱོགས་སུ་ནམ་མཁའ་ནས་ཀླུ་སྒྲུབ་ཅེས་གྲགས་པས་མཚན་དེ་ལྟར་བཏགས། མཚན་མཁན་གྱིས་ཞག་བདུན་ལས་ཚེ་མེད་ཟེར་བས། ན་ལནྡྲའི་མཁན་པོ་སྒྲ་གཅན་འཛིན་བཟང་པོ་ལས་རབ་ཏུ་བྱུང་། རྨ་བྱ་ཆེན་མོ་ཡི་དམ་དུ་བསྙེན་པས་གྲུབ་སྟེ། ལོ་དྲུག་བརྒྱ་འཚོ་བར་གྱུར། ཐུན་མོང་གི་དངོས་གྲུབ་བརྙེས། དེའི་དྲུང་དུ་བསྙེན་པར་རྫོགས། འཇམ་དབྱངས་ཀྱིས་རྗེས་སུ་བཟུང་བས་མཁས་པའི་མཆོག་ཏུ་གྱུར། མཁན་པོ་ལོ་བཅུ་གཉིས་མཚམས་ལ་བཞུགས་སྐབས། དགེ་འདུན་གྱི་གཉེར་ཀླུ་སྒྲུབ་ལ་གཏད། དེའི་ཚེ་ལོ་བཅུ་གཉིས་ཀྱི་རིང་མུ་གེ་ཆེན་པོས་མི་ཕལ་ཆེར་ཤི་ཡང་། དགེ་འདུན་པ་རྣམས་ལ་ཀླུ་སྒྲུབ་ཀྱིས་གསེར་འགྱུར་མཛད་པས། མུ་གེ་ལས་གྲོལ་བར་བྱས། མཁན་པོ་མཚམས་གྲོལ་བའི་ཚེ། ངའི་དགེ་འདུན་པ་རྣམས་ལ་སྐྱོན་མ་བྱུང་ངམ་གསུངས། གསེར་འགྱུར་གྱིས་འཚོ་བས་མ་བྱུང་ཞུས་པས། དེ་ལྟར་བྱེད་མི་དགོས། ང་ལ་འདི་ལྟ་བུའི་ཐབས་ཡོད་གསུངས་ཏེ། རི་མོའི་བ་ལས་འོ་མ་བཞོས་པས་ཟད་པ་མེད་པ་བྱུང་ངོ་། །ཁྱོད་ཀྱིས་དགེ་འདུན་ལ་ལོག་འཚོ་དྲང་འདུག་པས། སྡིག་སྦྱངས་སུ་གཙུག་ལག་ཁང་བརྒྱ་རྩ་བརྒྱད་དང་། མཆོད་རྟེན་བྱེ་བ་གཅིག་བཞེངས་དགོས་གསུངས། དེ་ནས་དགེ་སློང་བདེ་བྱེད་ཀྱིས་རིག་པའི་རྒྱན་ཅེས་བྱ་བའི་གཞུང་འབུམ་ཕྲག་བཅུ་གཉིས་པ་ཞིག་བརྩམས་ནས་ཕྱི་ནང་ཐམས་ཅད་སུན་འབྱིན་པ་དེ་སློབ་དཔོན་གྱིས་བཏུལ། གཙུག་ལག་ཁང་བརྒྱ་རྩ་བཞེངས། ཆོས་སྐྱོང་བརྒྱ་རྩ་བརྒྱད་ལ་གཏད། ཀླུའི་ཡུལ་དུ་སྤྱན་དྲངས། ཀླུའི་རྒྱལ་པོ་ནད་ལས་གྲོལ་བའི་གཏང་རག་ཏུ་ཤེར་ཕྱིན་གྱི་ཆོས་སྡེ་རྣམས་མི་ཡུལ་དུ་གདན་དྲངས། ཀླུའི་འཇིམ་པ་ལ་མཆོད་རྟེན་ཕལ་ཆེར་བཞེངས། རྡོ་རྗེ་གདན་ལའང་རྡོ་རྗེའི་དྲ་མིག་བསྐོར་བ། དཔལ་ལྡན་འབྲས་དཀར་སྤུངས་ཀྱི་མཆོད་རྟེན་ལ་ལྕགས་རིས་བསྐོར་ཤིང་ནང་དུ་ལྷ་ཁང་བརྒྱ་རྩ་བཞེངས་པ་སོགས་མཛད་ཅིང་། མདོ་ལུགས་ལ་སྐུ་ཚེ་འདི་ཉིད་ལ་ས་བརྒྱད་པ་ཐོབ། སྔགས་ལུགས་ལ་ནི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པར་བཞེད། གཏམ་གྱི་ཚོགས་དང་། རིགས་པའི་ཚོགས་དང། བསྟོད་པའི་ཚོགས་དང་། དེ་ཁོ་ན་ཉིད་ཀྱི་ཚོགས་སོགས་བསྟན་བཅོས་དཔག་ཏུ་མེད་པ་མཛད་དེ། སློབ་མའི་མཆོག་ཤཱཀྱ་བཤེས་གཉེན་ལ་ནཱ་ལནྡྲ་གཏད་དེ། དགུང་ལོ་དྲུག་བརྒྱ་ཙམ་བཞུགས་ནས། མཐར་བདེ་སྤྱོད་བཟང་པོའི་བུ་ལ་དབུ་སྦྱིན་པ་བཏང་ནས་གཤེགས་སོ། །སློབ་མའི་གཙོ་བོ། ཨཱརྻ་དེ་ཝ། ཀླུའི་བྱང་ཆུབ། ཤ་བ་རི་པ། ཏི་ལླི་པ་བཅས་སོ། །