101819

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་ལམ་ (1)
Part of speech མིང་ཚིག
Definition མདོ། ལམ་ལྔའི་ནང་གསེས་ཤིག་སྟེ། རྣམ་པར་གྲོལ་བའི་འཇུག་ངོགས་གང་ཞིག་ངེས་འབྱེད་ཆ་མཐུན་གྱི་དགེ་རྩ་རྣམས་ཐོབ་སྟེ། བདེན་པ་མངོན་པར་རྟོགས་པ་ལ་སྦྱོར་ཞིང༌། སྒོམ་བྱུང་གི་ཤེས་རབ་ཀྱིས་གཟུང་བ་རང་བཞིན་མེད་པར་རྟོགས་པ་དང་དབང་པོ་ལྔ་དང་སྟོབས་ལྔ་བསྒོམས་པས། སྤང་བྱ་ཀུན་བཏགས་རྣམས་རྣམ་པར་གནོན་པའི་ཚུལ་གྱིས་སྤོང་ཞིང༌། ཏིང་ངེ་འཛིན་དང་གཟུངས་དང་མངོན་ཤེས་སོགས་ཀྱི་ཡོན་ཏན་ཐོབ་པར་བྱེད་པའི་ལམ་མོ། །
Domain ཆོས་ལུགས།

{{#arraymap:སྦྱོར་ལམ་

|; |@@@ | | }}

སྦྱོར་ལམ་ (2)
Part of speech མིང་ཚིག
Definition རང་གི་ཉེར་ལེན་དུ་གྱུར་བའི་ཚོགས་ལམ་རྫོགས་རྗེས་སུ་བྱུང་ཞིང༌། དོན་མངོན་རྟོགས་ཀྱི་རིགས་སུ་གནས་པའི་མཁྱེན་པ། གཉིས་པ་ལ་རྟེན་གྱི་སྒོ་ནས་དབྱེ་ན། ཉན་ཐོས་རང་རྒྱལ་ཐེག་ཆེན་གྱི་སྦྱོར་ལམ་དང་གསུམ། ངོ་བོའི་སྒོ་ནས། དྲོད་རྩེ་མོ་བཟོད་པ་ཆོས་མཆོག་དང་བཞི། ཆ་ཤས་ཀྱི་སྒོ་ནས་ཆུང་ངུ། འབྲིང༌། ཆེན་པོ་དང་རྣམ་པ་གསུམ། དེ་ཡང་རྒྱུད་གཅིག་པའི་དབང་དུ་བྱས་ནས། དང་པོར་སྐྱེས་པ། བར་དུ་སྐྱེས་པ། ཐ་མར་སྐྱེས་པའི་སྦྱོར་ལམ་དང་གསུམ། རྒྱུད་ཐ་དད་པའི་དབང་དུ་བྱས་ན། དབང་པོ་རྟུལ་པོ་འབྲིང་རྣོན་པོའི་རྒྱུད་དང་འབྲེལ་བའི་སྒོ་ནས་ཆུང་ངུ་འབྲིང་ཆེན་པོ་གསུམ་ལ་བཞག་པར་བྱ་བ་ཡིན་ལ། འདི་བཞིན་བྱས་ན། ཉན་ཐོས་ཀྱི་སྦྱོར་ལམ་དེ་ཆུང་ངུ། རང་རྒྱལ་གྱི་སྦྱོར་ལམ་དེ་འབྲིང༌། ཐེག་ཆེན་གྱི་སྦྱོར་ལམ་དེ་ཆེན་པོ་ཡིན་ལ། ཐེག་དམན་གྱི་ཆོས་མཆོག་ལ་རྒྱུད་ཐ་དད་པའི་དབང་དུ་བྱས་པའི་ཆུང་ངུ་འབྲིང་ཆེན་པོ་ཡོད་ཀྱང་རྒྱུད་གཅིག་པའི་དབང་དུ་བྱས་པའི་ཆུང་ངུ་འབྲིང་ཆེན་པོའི་ཁྱད་པར་མེད་དེ། དེ་ལ་སྐད་ཅིག་སྔ་ཕྱིའི་རིམ་པ་མེད་པའི་ཕྱིར་ཏེ། དེ་དུས་མཐའི་སྐད་ཅིག་མ་ཡིན་པའི་ཕྱིར། ས་མཚམས་ནི། ཉན་ཐོས་ཀྱི་ཚོགས་ལམ་རྫོགས་རྗེས་ནས། བྱང་སེམས་ཀྱི་མཐོང་ལམ་མ་ཐོབ་པའི་བར་ན་ཡོད། སྒྲ་བཤད་ནི། བདེན་པ་མངོན་སུམ་དུ་རྟོགས་པ་ལ་དོན་གྱིས་སྦྱོར་བས་སྦྱོར་ལམ། རྒྱུད་མཐོང་སྤང་ལས་ངེས་པར་འབྱེད་པའི་ཆ་ནས་ངེས་བྱེད་ཆ་མཐུན། རྒྱུད་མཐོང་སྤང་ལས་ངེས་པར་འབྱེད་ཅིང་ཐར་པ་ཐོབ་པའི་ཡན་ལག་ཡིན་པའི་དོན་གྱིས་ངེས་འབྱེད་ཡན་ལག རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེ་སྐྱེ་བའི་སྔ་ལྟས་ཡིན་པས་དྲོད། ལོག་ལྟས་དགེ་རྩ་གཅོད་པའི་རྩེ་མོར་གྱུར་པས་ན་རྩེ་མོ། བདེ་འགྲོ་འབའ་ཞིག་ཏུ་སྐྱེ་ཞིང་ངན་འགྲོར་ལས་དབང་གིས་སྐྱེ་བ་ཆད་པས་བཟོད་པ། འཇིག་རྟེན་པའི་ཆོས་ཀྱི་མཆོག་ཡིན་པས་ཆོས་མཆོག་ཞེས་བྱའོ། །འོ་ན་དྲོད་སོགས་བཞིའི་ངོ་བོ་གང་ཞེ་ན། སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་ནི་སྟོང་པ་ཉིད་ལ་དམིགས་པའི་སྒོམ་བྱུང་དང་པོར་ཐོབ་པའི་སྒོ་ནས་ཀུན་ནས་ཉོན་མོངས་གཟུང་རྟོག་མངོན་གྱུར་སྤོང་བའི་ཡེ་ཤེས། རྩེ་མོ་ནི་དེ་རྗེས་རྣམ་བྱང་བཟུང་རྟོག་སྤོང་བར་བྱེད་པའི་ཡེ་ཤེས། བཟོད་པ་ནི། དེ་རྗེས་རྫས་འཛིན་རྟོག་པ་སྤོང་བར་བྱེད་པའི་ཡེ་ཤེས། ཆོས་མཆོག་ནི་དེ་རྗེས་བཏགས་འཛིན་རྟོགས་པར་བྱེད་པའི་ཡེ་ཤེས་ཡིན།

{{#arraymap:སྦྱོར་ལམ་

|; |@@@ | | }}

སྦྱོར་ལམ་ (3)
Part of speech མིང་ཚིག
Definition དེ་ལྟར་ཞི་གནས་གྲུབ་ནས་ལྷག་མཐོང་ཐོབ་ཕྱིར་དུ་དྲན་པ་ཉེར་གཞག་སྒོམ་ཚུལ་ཡོད་དེ། ལུས་དྲན་པ་ཉེར་གཞག་སེམས་ཚོར་བ་ཆོས་དྲན་པ་ཉེར་གཞག་བཞི་ལ་དམིགས་ནས་རང་དང་སྤྱིའི་མཚན་ཉིད་གཉིས་གཉིས་ཀྱི་སྒོ་ནས་བསྒོམ་པར་བྱ་བ་ཡིན་པའི་ཕྱིར། དེ་ལྟར་ཡིན་ན་སྦྱོར་ལམ་ཐོབ་ཚུལ་ཇི་ལྟ་བུ་ཞེ་ན། དེ་དག་ཐོབ་ཚུལ་ཡོད་དེ། ཚོགས་ལམ་དུ་གྱུར་པའི་དྲན་པ་ཉེར་གཞག་བསྒོམས་པ་ལས་སྦྱོར་ལམ་དྲོད་སོགས་རིམ་གྱིས་འཐོབ་པར་འགྱུར་བ་ཡིན་པའི་ཕྱིར། ངེས་འབྱེད་ཆ་མཐུན་བཞི་ག་ཡང་ཁྱད་ཆོས་དུ་མ་དང་ལྡན་ཏེ། སྔ་མ་སྔ་མས་ཉེར་ལེན་བྱས་པ་ལས་བྱུང་བ་དང་བདེན་པ་བཞི་ལ་དམིགས་པ་དང་མི་རྟག་པ་སོགས་པ་བཅུ་དྲུག་གི་རྣམ་པ་ཅན་ཡིན་པ་དང་དང་པོ་གསུམ་བྱ་རྫོགས་ཀྱི་སྐད་ཅིག་མ་དང་བཞི་པ་དུས་མཐའི་སྐད་ཅིག་མ་ཡིན་པ་དང་ཐམས་ཅད་ཕུང་པོ་ལྔ་པ་ཅན་དང་། ཐོབ་པ་སྦྱོར་ལམ་དུ་མ་གཏོགས་ཏེ། དེ་མཐོང་ལམ་པའི་རྒྱུད་ལའང་ཡོད་པའི་ཕྱིར། སྦྱོར་ལམ་གྱི་ཁྱད་ཆོས་ནི། དེའི་ཁྱད་ཆོས་གཞན་ཡང་ཡོད་དེ། དེ་དག་སྒོམ་བྱུང་གཙོ་བོར་གྱུར་པ་ཡིན་པ་དང་། བསམ་གཏན་ས་དྲུག་གང་རུང་ལ་བརྟེན་པ་དང་། འདོད་རྟེན་ཁོ་ན་ལ་ཡོད་པ་དང་། ཆོས་མཆོག་ནི་བུད་མེད་ཁོ་ནས་གཉིས་ཀའི་རྟེན་ཅན་ཐོབ་ལ། སྐྱེས་པས་ནི་སྐྱེས་པའི་རྟེན་ཅན་འབའ་ཞིག་ཐོབ་པའི་ཕྱིར་ཏེ། དེ་ལྟར་རང་འགྲེལ་ལས་གསུངས་པའི་ཕྱིར།

{{#arraymap:སྦྱོར་ལམ་

|; |@@@ | | }}

སྦྱོར་ལམ་ (4)
Part of speech མིང་ཚིག
Definition རང་གི་ཉེར་ལེན་དུ་གྱུར་པའི་ཚོགས་ལམ་ལ་བརྟེན་ནས་ཐོབ་པའི་དོན་མངོན་རྟོགས་དེ། སྦྱོར་ལམ་གྱི་མཚན་ཉིད་ཡིན། དེ་ལ་དབྱེ་ན། ཉན་ཐོས་ཀྱི་སྦྱོར་ལམ་ལ་སོགས་པ་གསུམ་ཡོད། སྟོང་ཉིད་རྟོགས་པའི་ལྷག་མཐོང་གིས་ཟིན་པའི་ཐེག་ཆེན་གྱི་དོན་མངོན་རྟོགས། ཐེག་ཆེན་གྱི་སྦྱོར་ལམ་གྱི་མཚན་ཉིད། ཐེག་ཆེན་གྱི་སྦྱོར་ལམ་བློ་རིག་ལ་དཔྱད་པ་ནི། ཆོས་ཉིད་ལ་མཉམ་པར་བཞག་པའི་ཐེག་ཆེན་སྦྱོར་ལམ་དྲོད་སོགས་བཞི་པོ་ནི། ཆོས་ཉིད་ལ་བཅད་ཤེས་ཡིན་ཏེ། དེ་རྣམས་ཆོས་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཐེག་ཆེན་གྱི་ཚོགས་ལམ་ཆེན་པོའི་ཡེ་ཤེས་ཀྱི་རིགས་རྒྱུན་ཡིན་པའི་ཕྱིར། དེས་མཚོན་གང་ཟག་གི་བདག་མེད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཉན་ཐོས་ཀྱི་སྦྱོར་ལམ་དྲོད་སོགས་བཞི་པོ་དེ་གང་ཟག་གི་བདག་མེད་ལ་བཅད་ཤེས་ཡིན་པ་དང༌། གཟུགས་ཕུང་ཕྱི་རོལ་དོན་གྱིས་སྟོང་པ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་རང་རྒྱལ་གྱི་སྦྱོར་ལམ་དྲོད་སོགས་བཞི་པོ་དེ། གཟུགས་ཕུང་ཕྱི་རོལ་དོན་གྱིས་སྟོང་པ་ལ་བཅད་ཤེས་ཡིན་པ་ཡང་ཤེས་པར་བྱའོ། །སྟོང་ཉིད་རྟོགས་པའི་ཐོས་བསམ་གྱི་བློ་རྣམས་ལ་སྟོང་ཉིད་རང་ལས་རྒྱང་ཆད་དང་འབྲེལ་མེད་ཀྱི་ཚུལ་གྱིས་སྣང་བ་ཡིན་ཏེ། དེ་རྣམས་སྟོང་ཉིད་ལ་གཉིས་སྣང་ཤིན་ཏུ་རགས་པ་ཡིན་པའི་ཕྱིར། དེ་རྣམས་སྟོང་ཉིད་ལ་ཀུན་རྫོབ་པའི་སྣང་བ་དང་བཅས་པ་ཡིན་ཏེ། དེ་རྣམས་ཆོས་ཉིད་ཀྱི་དོན་སྤྱི་ཆོས་ཉིད་དུ་སྣང་བའི་ཕྱིར་ཏེ། དེ་རྣམས་ཆོས་ཉིད་ལ་རྟོག་པ་ཡིན་པའི་ཕྱིར་ཏེ། དེ་རྣམས་ཆོས་ཉིད་རྟོགས་པའི་རྟོག་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཆོས་ཅན་དེའི་ཕྱིར། ཆོས་ཉིད་ལ་མཉམ་པར་བཞག་པའི་ཐེག་ཆེན་གྱི་ཚོགས་ལམ་ཐ་མའི་ཡེ་ཤེས་དེ། ཆོས་ཉིད་རྟོགས་པའི་ཐོས་བསམ་གྱི་བློ་དེ་ལ་ལྟོས་ཏེ། ཆོས་ཉིད་ལ་ཡུལ་ཡུལ་ཅན་ཐ་དད་པའི་གཉིས་སྣང་ཤིན་ཏུ་ཕྲ་བ་ཡིན་ཏེ། དེ་ཆོས་ཉིད་ལ་དམིགས་པའི་སྒོམ་བྱུང་གི་བློ་ཡིན་པའི་ཕྱིར་ཏེ། ཐེག་ཆེན་གྱི་ཚོགས་ལམ་ཐ་མ་པ་དེ། ཆོས་ཉིད་ལ་སྒོམ་བྱུང་གི་བློ་ཐོབ་པའི་གང་ཟག་ཡིན་པའི་ཕྱིར་ཏེ། ཞི་གནས་ཡིན་ན། སྒོམ་བྱུང་ཡིན་དགོས་པའི་ཕྱིར། དང་པོ་ཉིད་ནས་ཐེག་ཆེན་དུ་རིགས་ངེས་པའི་སེམས་དཔའི་རྒྱུད་ཀྱི་ཐེག་ཆེན་གྱིས་སྦྱོར་ལམ་དྲོད་རྩེ་གཉིས་པོ། ཆོས་ཉིད་ལ་མཉམ་པར་བཞག་པའི་ཐེག་ཆེན་གྱི་ཚོགས་ལམ་ཐ་མའི་ཡེ་ཤེས་དེ་ལ་ལྟོས་ཏེ། ཆོས་ཉིད་ལ་ཡུལ་ཡུལ་ཅན་ཐ་དད་པའི་གཉིས་སྣང་ཤིན་ཏུ་ཕྲ་བ་ཡིན་ཏེ། དེ་ཆོས་ཉིད་ལ་དམིགས་པའི་འཇོག་སྒོམས་ཀྱི་སྟོབས་ཀྱིས་ཐོབ་པའི་ཤིན་སྦྱངས་ཀྱི་བདེ་བས་ཟིན་པའི་བློ་ཡིན་པའི་ཕྱིར། དེ་རྣམས་སྟོང་ཉིད་ལ་གཉིས་སྣང་ཤིན་ཏུ་ཕྲ་བ་ཡིན་ཀྱང༌། དེ་གཉིས་ལ་སྟོང་ཉིད་ལ་གཉིས་སྣང་ཅུང་ཟད་ཡོད་པར་རང་གི་རྟེན་གྱིས་གང་ཟག་གི་མྱོང་སྟོབས་ཀྱིས་ངེས་ནུས་པའི་ཕྱིར། དང་པོ་ཉིད་ནས། ཐེག་ཆེན་དུ་རིགས་ངེས་པའི་སེམས་དཔའི་རྒྱུད་ཀྱི་ཐེག་ཆེན་གྱི་སྦྱོར་ལམ་བཟོད་མཆོག་གཉིས་པོ་དེ། སྔ་མའི་དེ་འདྲའི་སྦྱོར་ལམ་དྲོད་རྩེ་གཉིས་པོ་དེ་ལ་ལྟོས་ཏེ་ཆོས་ཉིད་ལ་གཉིས་སྣང་ཤིན་ཏུ་ཕྲ་བ་ཡིན་ཏེ། དེ་ཆོས་ཉིད་ལ་དམིགས་པའི་དཔྱད་སྒོམ་གྱི་སྟོབས་ཀྱིས་ཐོབ་པའི་ཤིན་སྦྱངས་ཀྱི་བདེ་བས་ཟིན་པའི་མཁྱེན་པ་ཡིན་པའི་ཕྱིར། དེ་ཆོས་ཉིད་ལ་གཉིས་སྣང་ཅུང་ཟད་ཡོད་ཀྱང་དེ་ཡོད་པར་རྟེན་གྱི་གང་ཟག་གི་མྱོང་སྟོབས་ཀྱི་རྟོགས་མི་ནུས་ཏེ། དེ་འདྲའི་ཡེ་ཤེས་གཉིས་པོ་དེ་ལ། ཆོས་ཉིད་ཡུལ་ཡུལ་ཅན་ཐ་དད་པའི་ཚུལ་གྱི་སྣང་བ་མེད་པའི་ཕྱིར་ཏེ། དེ་ལ་ཆོས་ཉིད་དེ་ཡུལ་ཡུལ་ཅན་ཐ་དད་པའི་གཉིས་སྣང་ནུབ་པ་ལྟ་བུར་སྣང་བའི་ཕྱིར་ཏེ། ཉན་ས་ལས། གཉིས་སྣང་ནུབ་པ་ལྟ་བུར་སྣང་གི་ནུབ་པ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཐེག་ཆེན་གྱི་སྦྱོར་ལམ་དེ་ཐེག་དམན་གྱི་དེ་ལས་ཁྱད་པར་འཕགས་ཚུལ་ནི། བདེན་བཞིའི་ཆོས་ཉིད་རྟོགས་པའི་ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཅན། རང་གི་དམིགས་པ་དམིགས་ཚུལ་གྱི་སྒོ་ནས་ཐེག་དམན་སྦྱོར་ལམ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། བདེན་བཞིའི་ཆོས་ཉིད་ལ་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་རྟོགས་པའི་མཁྱེན་པ་ཡིན་པའི་ཕྱིར། དེ་ཆོས་ཅན། འཛིན་སྟངས་ཀྱི་རྣམ་པའི་སྒོ་ནས་དེ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། བདེན་བཞི་བདེན་གྲུབ་ཏུ་འཛིན་པའི་རྟོག་པ་ཀུན་བཏགས་མངོན་གྱུར་བ་རང་གི་ངོ་སྐལ་གྱི་སྤང་བྱར་བྱས་ནས་སྤོང་བའི་འཛིན་སྟངས་ཀྱི་རྣམ་པ་དང་ལྡན་པའི་མཁྱེན་པ་ཡིན་པའི་ཕྱིར། དེ་ཆོས་ཅན། རྒྱུ་བྱེད་ཚུལ་གྱི་སྒོ་ནས་དེ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། རང་གི་ཉེར་འབྲས་སུ་གྱུར་པའི་ཐེག་ཆེན་མཐོང་ལམ་གཞན་གྱིས་བར་མ་ཆོད་པར་བསྐྱེད་པར་བྱེད་པའི་མཁྱེན་པ་ཡིན་པའི་ཕྱིར། དེ་ཆོས་ཅན། ཡོངས་འཛིན་གྱི་སྒོ་ནས་དེ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཐེག་ཆེན་དགེ་བའི་བཤེས་གཉེན་གྱིས་གདམས་ངག་བསྟན་པའི་དོན་གཙོ་བོར་ཉམས་སུ་བླངས་པ་ལ་བརྟེན་ནས་ཐོབ་པའི་མཁྱེན་པ་ཡིན་པའི་ཕྱིར། དེ་ཆོས་ཅན། ཤེས་སྒྲིབ་རྟོག་པ་སྤང་བྱར་ལྡན་ཚུལ་གྱི་སྒོ་ནས། དེ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཤེས་སྒྲིབ་གཟུང་འཛིན་གྱི་རྟོག་པ་བཞི་པོ་རང་གི་ངོ་སྐལ་གྱི་སྤང་བྱར་བྱས་ནས་སྤོང་བའི་མཁྱེན་པ་ཡིན་པའི་ཕྱིར། དེ་ཆོས་ཅན། དབྱེ་བའི་སྒོ་ནས། དེ་ལས་ཁྱད་པར་དུ་འཕགས་ཏེ། ཐེག་པ་གསུམ་ཀའི་རྟོགས་རིགས་ཚང་བའི་ཐེག་ཆེན་གྱི་ལམ་གོང་ནས་གོང་དུ་འཕེལ་བའི་གནས་སྐབས་ལ་བལྟོས་ཏེ་བཞག་དགོས་པའི་ཆུང་འབྲིང་ཆེན་པོ་གསུམ་གྱི་དབྱེ་བ་དང་ལྡན་པའི་མཁྱེན་པ་ཡིན་པའི་ཕྱིར། ཐེག་ཆེན་གྱི་ཚོགས་ལམ་ཆེན་པོ་པ་དེ། ཐེག་ཆེན་གྱི་སྦྱོར་ལམ་སྐད་ཅིག་དང་པོར་འཕོ་བ་དེའི་ཚེ་མཉམ་གཞག་ནས་མཉམ་གཞག་ཏུ་འཕོ་བ་ཡིན་ཏེ། ཐེག་ཆེན་ཚོགས་ལམ་ཐ་མ་པ་དང༌། ཐེག་ཆེན་སྦྱོར་ལམ་སྐད་ཅིག་དང་པོ་པ་གང་རུང་ཡིན་ན་མཉམ་བཞག་པ་ཡིན་དགོས་པའི་ཕྱིར། དང་པོ་ཉིད་ནས་ཐེག་ཆེན་དུ་རིགས་ངེས་པའི་ཐེག་ཆེན་ཚོགས་ལམ་ཐ་མ་པ་དེ། སྟོང་ཉིད་རྟོགས་པའི་ལྷག་མཐོང་ཐོབ་པ་དང༌། ཐེག་ཆེན་གྱི་སྦྱོར་ལམ་ཐོབ་པ་དུས་མཉམ་པའི་ཕྱིར།

{{#arraymap:སྦྱོར་ལམ་

|; |@@@ | | }}

སྦྱོར་ལམ་ (4)
Part of speech མིང་ཚིག
Definition མཚན་ཉིད་ནི། དོན་མངོན་རྟོགས། གོ་ཐོབ་ཀྱི་དབང་དུ་བྱས་ན། ཐར་ཆའི་རྟོགས་པ་སྔོན་དུ་སོང་བའི་བདེན་པ་མངོན་རྟོགས་ལ་སྦྱོར་བའི་མོས་སྤྱོད་ཀྱི་ལམ་དེ། སྦྱོར་ལམ་ཀྱི་མཚན་ཉིད་ཡིན་ཏེ། ཇོ་ནང་ཉ་དབོན་ཀུན་དགའ་དཔལ་གྱི་ཕར་ཕྱིན་ཉ་ཊཱིཀ་ལས། མཚན་ཉིད་ནི། ཐར་ཆའི་རྗེས་ཀྱི་ཐར་ལམ་གང་ཞིག བདེན་པ་མངོན་རྟོགས་ལ་སྦྱོར་བའི་སོ་སྐྱེའི་ལམ། ཞེས་དང་། ས་བཟང་མ་ཏི་པཎ་ཆེན་གྱི་མདོ་སྡེའི་རྒྱན་གྱི་རྣམ་བཤད་ཐེག་ཆེན་རབ་གསལ་སྣང་བ་ལས། མཚན་ཉིད། ཚོགས་ལམ་རྫོགས་ནས་མཐོང་ལམ་མ་ཐོབ་བར་གྱི་དགེ་བ་གང་ཞིག་མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པའི་ཐབས་སུ་གྱུར་པའོ། །ཞེས་དང་། བཀའ་བཞི་བ་བསོད་ནམས་བཟང་པོའི་ཤེར་ཕྱིན་དོན་བསྡུས་ལས། ངེས་འབྱེད་ཡན་ལག་གི་མཚན་ཉིད། ཐར་བ་ཆ་མཐུན་གྱི་རྗེས་ཀྱི་སོ་སྐྱེས་སྒོམ་བྱུང་གི་རྟོགས་པ་གང་ཞིག བདེན་པ་མངོན་སུམ་དུ་རྟོགས་པ་དང་རྗེས་སུ་མཐུན་པ། ཞེས་དང། ཏྭ་ར་ནྭ་ཐའི་སྔོན་མེད་ལེགས་བཤད་ལས། སྦྱོར་ལམ་དེ་ཆོས་ཉིད་ལ་གསལ་སྣང་ནི་ཐོབ་པ་ཡིན་ཞིང་། མི་རྟོག་པའི་ཚུལ་གྱིས་ཆོས་ཉིད་ཅུང་ཟད་རང་གི་རིག་པ་ཡང་ཡིན་ལ། རྣམ་འབྱོར་མངོན་སུམ་གྱིས་རྟོགས་པ་ནི་མ་ཡིན་པ་དང་། མཚན་གཞི་ནི། ཐེག་ཆེན་གྱི་དྲོད་རྩེ་མོ་བཟོད་མཆོག་བཞིའོ། །བྱང་སེམས་ཀྱི་རྒྱུད་ཀྱི་སྦྱོར་ལམ་ནི་མཚོན་བྱའོ། །ཞེས་དང་། ཉ་དབོན་ཀུན་དགའ་དཔལ་གྱི་ཕར་ཕྱིན་ཉ་ཊྭིཀ་ལས། མཚོན་བྱའི་སྒྲ་བཤད་ནི། བདེན་པ་མངོན་རྟོགས་ལ་སྦྱོར་བས་བྱང་ཆུབ་ཏུ་ཕྱིན་པར་བྱེད་པའི་ལམ་མོ། །ཡང་ན་མཁྱེན་གསུམ་གྱི་སྦྱོར་བ་བུད་ཤིང་གཞན་ཁྱད་པར་ཅན་གྱིས་མེ་བཞིན་དུ་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བར་བྱེད་པའི་བར་ཏུ་གྱུར་བའི་སྦྱོར་བ་ནི་རབ་ཏུ་སྦྱོར་བ་སྟེ། བར་ཆད་མེད་ན་མཐོང་ལམ་ཤིན་ཏུ་ཉེ་བར་བསྐྱེད་པའོ། །ཞེས་སོ། །

{{#arraymap:སྦྱོར་ལམ་

|; |@@@ | | }}