101838

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་ལམ་ལ་རྟོག་པ་ལྡན་ཚུལ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ས་སྐྱ། ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས། སོ་སོ་སྐྱེ་བོ་རྣམས་ལ་མཐོང་སྤང་མངོན་གྱུར་དུ་ལྡན་ཏེ། རྒྱུད་ལ་ས་བོན་ཡོད་པ་ལས་རྐྱེན་དང་ཕྲད་པ་ན་མངོན་གྱུར་དུ་འབྱུང་བའི་ཕྱིར། སྦྱོར་ལམ་མཉམ་གཞག་ལ་ནི་མངོན་གྱུར་མེད་དེ། འགལ་ཟླ་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་མངོན་གྱུར་དུ་ལྡན་པས་སོ། །སྒོམ་སྤང་རྟོག་པ་ལྡན་པའི་ཚུལ་ཡང་དེ་བཞིན་ནོ། །ཐེག་ཆེན་འཕགས་པ་ལ་ནི། རྫས་འཛིན་རྟོག་པའི་ས་བོན་ཡོད་ཀྱི་མངོན་གྱུར་པ་ནི་མེད་དེ། ཆོས་རང་བཞིན་མེད་པ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སྐྱེས་པའི་ཕྱིར་རོ། དེ་ཁོ་ན་ཉིད་ཀྱི་བཏགས་འཛིན་རྟོག་པ་ནི། ས་བོན་དང་མངོན་གྱུར་གཉིས་ཀ་ལྡན་ནོ། །ཐེག་ཆེན་མཐོང་སྤང་གི་བཏགས་འཛིན་རྟོག་པ་ནི་མེད་དེ། ཐེག་ཆེན་གྱི་མཐོང་ལམ་རྒྱུད་ལ་སྐྱེས་པའི་ཕྱིར་རོ། །གང་ཟག་བཏགས་ཡོད་དུ་རྟོག་པ་ལ་དེ་ཁོ་ན་ཉིད་ཡིད་བྱེད་ནི་ཉན་རང་འཕགས་པ་ལ་ཡོད་ཀྱི་སོ་སྐྱེ་རྣམས་ལ་མེད་དེ། གང་ཟག་གི་བདག་མེད་མངོན་སུམ་དུ་མ་རྟོགས་པའི་ཕྱིར་རོ། །ཆོས་ལ་བཏགས་འཛིན་རྟོག་པ་ལ། དེ་ཁོ་ན་ཉིད་ཡིད་བྱེད་ནི་ཉན་རང་ལ་མེད་དེ། ཆོས་ཀྱི་བདག་མེད་མངོན་སུམ་དུ་མ་རྟོགས་པའི་ཕྱིར། ཐེག་ཆེན་འཕགས་པ་ལ་སྒོམ་སྤང་དུ་གྱུར་པའི་ཆ་མངོན་གྱུར་དུ་ཡོད་ལ། མཐོང་སྤང་གི་ཆ་ནི་མཐོང་ལམ་མ་སྐྱེས་ན་མངོན་གྱུར་དུ་འབྱུང་བ་སྲིད་པ་ལས། སྐྱེས་པ་ན་འབྱུང་མི་སྲིད་དོ། །དེས་ན་ཆོས་ཀྱི་བཏགས་འཛིན་རྟོག་པ་དགུ་ཚོགས་སྦྱོར་གྱི་གནས་སྐབས་ན་མོས་པ་ཡིད་བྱེད་ཅེས་བྱ་ལ། འཕགས་པའི་གནས་སྐབས་ན་སྒོམ་སྤང་གི་ཆ་ནི་དེ་ཁོ་ན་ཉིད་ཡིད་བྱེད་དོ། །མཐོང་སྤང་གི་ཆ་ནི་མངོན་དུ་འགྱུར་མི་སྲིད་དོ། །
Domain ཆོས་ལུགས།

{{#arraymap:སྦྱོར་ལམ་ལ་རྟོག་པ་ལྡན་ཚུལ་

|; |@@@ | | }}

སྦྱོར་ལམ་ལ་རྟོག་པ་ལྡན་ཚུལ་ (2)
Part of speech མིང་ཚིག
Definition ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས། འདིར་ལྡན་པའི་དོན་ནི་བྱང་སེམས་ཀྱི་སྦྱོར་ལམ་རྗེས་ཐོབ་བཞི་ལ་དངོས་བསྟན་སྒྲུབ་རྟོག་བཞི་པོ་ངོ་བོར་ལྡན་ཞིང། མཉམ་གཞག་བཞི་ལ་ཤུགས་བསྟན་དགག་རྟོག་བཞི་པོ་ངོ་བོར་ལྡན་པས་ན་ལྡན་ཞེས་པ་དང། བསྟེན་ཞེས་པའི་ཚིག་གཉིས་འབྱུང་སྟེ་མཉམ་རྗེས་གང་དང་གང་ཉམས་སུ་ལེན་པའི་ཚེ་དེའི་ངོ་བོར་ལྡན་པ་དེ་ཉིད་བསྟེན་པ་ཡང་ཡིན་པའི་ཕྱིར་རོ། །

{{#arraymap:སྦྱོར་ལམ་ལ་རྟོག་པ་ལྡན་ཚུལ་

|; |@@@ | | }}