102104

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨན་གྱི་དོགས་གཅོད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སྨན་རྣམས་ཕན་ཚུན་མ་འདྲེས་པར་ལེགས་པར་ཤེས་ཤིང་དོགས་པ་ཆོད་པའི་ཆེད་དུ་གསུངས་པའི་རྩོད་ལན་ལའོ། །དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། ཡང་ཁ་ཅིག ཐུན་ཚོད་དུ་རུང་བའི་སྨན་དང་། ཞག་བདུན་པའི་སྨན་གཉིས་མི་འགལ་ཞིང་། ཐུན་ཚོད་དུ་རུང་བའི་སྨན་དང་། ཇི་སྲིད་འཚོ་བའི་སྨན་ཡང་མི་འགལ་ཞེས་ཟེར། དེ་ཡང་མི་ལེགས་ཏེ། ཐུན་ཚོད་དུ་རུང་བའི་སྨན་ཡིན་ན། གང་ལ་གནང་བའི་དགེ་སློང་གིས་མཚན་མོའི་ཐུན་དང་པོ་ཚུན་ཆད་དུ་བྱིན་ལེན་གསར་དུ་བྱས་པ་ལ་མ་ལྟོས་པར་ལོངས་སྤྱོད་དུ་རུང་བས་ཁྱབ། ཞག་བདུན་པའི་སྨན་ཡིན་ན། གང་ལ་གནང་བའི་དགེ་སློང་གིས་ཞག་བདུན་ཚུན་ཆད་དུ་བྱིན་ལེན་གསར་དུ་བྱས་པ་ལ་མ་ལྟོས་པར་ལོངས་སྤྱོད་པས་ཆོག་པས་ཁྱབ་པའི་ཕྱིར་ཏེ། ཐུན་ཚོད་དུ་རུང་བའི་སྨན་ཡིན་ན། མཚན་མོའི་ཐུན་དང་པོ་ཚུན་ཆད་དུ་བྱིན་གྱིས་བརླབས་པས་ཁྱབ། ཞག་བདུན་པའི་སྨན་ཡིན་ན། ཞག་བདུན་ཚུན་ཆད་དུ་བྱིན་གྱིས་བརླབས་པས་ཁྱབ་ཅིང་། དེ་ཕན་ཆད་དུ་བྱིན་གྱིས་མ་བརླབས་པས་ཁྱབ་པའི་ཕྱིར་དང་། འཚོ་བཅང་གི་སྨན་ལའང་དེས་རིགས་འགྲེ་བའི་ཕྱིར། དེ་ལ་བརྟེན་ནས་བྱིན་གྱིས་མ་བརླབས་པའི་བུ་རམ་གྱི་གོང་བུ་ཞག་བདུན་པའི་སྨན་གྱི་རིགས་ཡིན་ཀྱང་། ཞག་བདུན་པའི་སྨན་མ་ཡིན་པ་དང་། ཞོ་བཙགས་པའི་ཁུ་བ་ལྟ་བུ་ཐུན་ཚོད་དུ་རུང་བའི་སྨན་གྱི་རིགས་ཡིན་ཀྱང་། དེ་མ་ཡིན་པ་དང་། ཨ་རུ་ར་ལྟ་བུ། འཚོ་བཅང་གི་སྨན་གྱི་རིགས་ཡིན་ཀྱང་། དེ་མ་ཡིན་པའི་ཚུལ་སོགས་ཤེས་པར་བྱའོ། །ཁ་ཅིག བུ་རམ་ཤིང་དུས་རུང་གི་སྨན་ཡིན་ཟེར་ན། འོ་ན། བུ་རམ་ཤིང་ལ་སྦྱར་བའི་བཏུང་བ་དེ། ཐུན་ཚོད་དུ་རུང་བའི་སྨན་གྱི་རིགས་ཡིན་པར་ཐལ་ཏེ། དེ་རྒྱུ་དུས་རུང་ལས་བྱུང་བའི་བཏུང་བ་ཡིན་པའི་ཕྱིར། འདོད་ན། བུ་རམ་ལ་སྦྱར་བའི་བཏུང་བ་ལ་ཡང་དེར་ཐལ་ལོ། །འདོད་མི་ནུས་ཏེ། དེ་ཞག་བདུན་པའི་སྨན་གྱི་རིགས་ཡིན་པའི་ཕྱིར་ཏེ། དེ་ཞག་བདུན་པའི་སྨན་དུ་བྱིན་གྱིས་བརླབ་ཏུ་རུང་བའི་ཕྱིར། རྒྱ་གར་བ་ཁ་ཅིག རོ་དང་ཁུ་བ་སླ་བར་མི་འགྱུར་ན་ཁྱེད་འདོད་པ་ལྟར་ཡིན་ཀྱང་། རོ་དང་ཁུ་བ་སླ་བར་འགྱུར་ན་མ་ཡིན་ཏེ། རོ་དང་ཁུ་བ་སླ་བར་འགྱུར་ན། གང་གྱུར་པ་ཚུན་ཚད་དུ་བྱིན་གྱིས་བརླབས་ནས་ལོངས་སྤྱོད་པའི་མཐའ་དེ་ངོ་བོ་ནམ་འགྱུར་གྱི་སྐད་ཅིག་མ་ཡིན་པའི་ཕྱིར་ཞེས་ཟེར། མདོ་ལས། ཁ་ཅིག་ན་རེ་མ་གྱུར་ན་དེ་ཡིན་གྱི་གྱུར་ན་གང་ཚུན་ཆད་དེ་ཡིན་པའོ་ཞེས་ཟེར། ཞེས་གསུངས། དེ་འགོག་པ་ལ། དེ་ནི་མ་ཡིན་ཏེ། དུས་ལྷག་པ་ལ་བརྟེན་ན་མི་འཆགས་པར་འགྱུར་བའི་ཕྱིར་དང་། དེ་འབྱུང་བར་འགྱུར་བ་ཕལ་པ་རྣམས་ཀྱིས་བགྲོད་པ་མ་ཡིན་པའི་ཕྱིར་བྱིན་གྱིས་བརླབས་པར་བྱ་བ་ཉིད་མ་ཡིན་པར་འགྱུར་བའི་ཕྱིར་རོ་ཞེས་པའི་མདོ་གསུངས། ཞེས་གསུངས།
Domain ཆོས་ལུགས།