102228
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། སྨན་རྣམས་རྟེན་གང་གིས་བྱིན་གྱིས་བརླབས་པ་ནི། བསྙེན་རྫོགས་ཀྱི་སྡོམ་པ་གསོ་རུང་ཡན་ཆད་དང་ལྡན་པས་བྱ་ཞིང་དགེ་སློབ་མའི་སྡོམ་པ་གསོ་རུང་ཡན་ཆད་ཀྱིས་ཀྱང་བྱར་རུང་བ་ཡིན་ནོ། །དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གསུམ་པ་རྟེན་གང་གིས་བྱིན་གྱིས་བརླབས་པ་ཡོད་དེ། བསྙེན་རྫོགས་ཀྱི་སྡོམ་པ་གསོ་རུང་ཡན་ཆད་དང་ལྡན་པས་བྱ་ཞིང་། དགེ་སློབ་མའི་སྡོམ་པ་གསོ་རུང་ཡན་ཆད་ཀྱིས་ཀྱང་བྱ་རུང་བའི་ཕྱིར་ཏེ། དེ་དག་ལ་གསོག་འཇོག་གི་ཉེས་པ་འབྱུང་བའི་ཕྱིར། ཤེས་པ་རང་བཞིན་དུ་གནས་པ་དང་། ལུས་ཐ་མལ་དུ་གནས་པ་ཡང་དགོས་སོ། །གཞན་ཡང་། རྟེན་གང་གིས་བྱིན་གྱིས་བརླབས་པ་ཡོད་དེ། ཐུན་ཚོད་དུ་རུང་བ་དང་། འཚོ་བཅང་གཉིས་ནད་པ་ཁོ་ནས་བྱིན་གྱིས་བརླབས་པ་དང་། ཞག་བདུན་པ་དེའི་སྟེང་དུ་ལམ་ཞུགས་དང་། དགེ་བསྐོས་དང་། ལག་གི་བླ་སྟེ་བཞིས་བྱིན་གྱིས་བརླབ་ཏུ་རུང་བའི་ཕྱིར་ཏེ། ལུང་སྨན་གྱི་གཞི་ལས་དགེ་སློང་ལམ་དུ་ཞུགས་པ་ལ་ལམ་རྒྱགས་ཀྱིས་སྨན་བྱིན་གྱིས་བརླབས་ནས་བསྐུར་བར་བྱའོ་ཞེས་གསུངས་པས། དགེ་བསྐོས་དང་། ལག་གི་བླ་ལའང་མཚུངས་པས་སོ། །ཁ་ཅིག ཟན་ཆད་པའི་དབང་གིས་ཀྱང་ཞག་བདུན་པའི་སྨན་བྱིན་གྱིས་བརླབ་ཏུ་རུང་ཟེར་བ་མི་རིགས་ཏེ། ཟས་སྔ་མའི་ཚེ་ནའོ་ཞེས་འབྱུང་བ་ལས། སྨན་བྱིན་གྱིས་བརླབ་པའི་དུས་ཡིན་ན། སྔ་དྲོའི་དུས་ཡིན་དགོས་པ་གང་ཞིག ཟན་ཆད་པའི་དུས་དང་དེ་འགལ་བའི་ཕྱིར་ཏེ། དེ་ཕྱི་དྲོའི་དུས་ཀྱི་བཀྲེས་པའི་དུས་ལ་བརྗོད་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |