102234
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། སྨན་ལ་ལོངས་སྤྱོད་པའི་གནས་ནི་རུང་ཁང་ཡིན་ལ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བཞི་པ་སྨན་ལ་ལོངས་སྤྱོད་པའི་གནས་རུང་ཁང་གཅོད་པ་བཤད་དུ་ཡོད་དེ། དགོས་པའི་དབང་དུ་བྱས་ན། མཚམས་བཙོས་དང་ཞག་ལོན་གྱི་ཉེས་པ་མི་འབྱུང་བའི་ཆེད་དང་། བསྡུས་དོན་གྱི་དབང་དུ་བྱས་ན། དོན་ཚན་བདུན་གྱི་སྒོ་ནས་བཤད་པར་བྱ་བ་ཡིན་པའི་ཕྱིར་ཏེ། གནས་གང་དུ་རུང་ཁང་གཅོད་པ། རྟེན་གང་གིས་གཅོད་པ། དུས་ནམ་གྱི་ཚེ་གཅོད་པ། ཆོ་ག་གང་གིས་གཅོད་པ། རུང་ཁང་གི་བྱེད་ལས། སྒྲ་བཤད་པ། རུང་ཁང་བཅད་པ་འཇིག་པའི་རྒྱུ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། མཚམས་ནང་ཉེ་འཁོར་དང་བཅས་པ་ཡིན་པ། རང་ངམ་རང་དང་ཆོ་ག་གཅིག་པར་དབང་བ། ཀུན་ལ་མཁོ་བའི་སྒོ་ཁང་སོགས་མ་ཡིན་པ། དཀོན་མཆོག་གི་ཕོ༌བྲང་མ་ཡིན་པ། བླ་གབ་དང་བཅས་པ་ཡིན་པ། སྔར་རུང་ཁང་བཅད་ཟིན་མ་ཡིན་པ་རྣམས་དགོས་པའི་ཕྱིར། རྟགས་སྡོམ་ནས་གྲུབ་སྟེ། དེ་ལས་གཞན་པ་འགའ་ཞིག་བཅད་མི་དགོས། འགའ་ཞིག་ཏུ་བཅད་ཀྱང་མ་གུས་པའི་ཉེས་པ་དང་། གཞན་ལ་གནོད་པར་འགྱུར་བ་དང་། ལ་ལར་སྨན་ཆུད་ཟོས་སུ་འགྱུར་བའི་དགག་བྱ་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། དགེ་འདུན་གྱིས་ཞེས་གསུངས་པ་ཉིད་ཀྱིས་སྤྱིར་དགེ་འདུན་གྱིས་བཅད་པར་བྱ་ཞིང་། བྱེ༌བྲག་ཏུ་རྡོ་བཏེག་པའི་མཐའ་ལས་བྱུང་བའི་རུང་ཁང་ནི་དགེ་སློང་ལག་གི་བླས་གཅོད། སེམས་བསྡུས་པའི་མཐའ་ལས་བྱུང་བའི་རུང་ཁང་ནི་དེ་དང་དགེ་སློང་རབ་ཏུ་མང་པོས་གཅོད། ལས་ཀྱི་མཐའ་ལས་བྱུང་བའི་རུང་ཁང་ནི་དགེ་འདུན་ཁོ་ནས་གཅོད། འཕྲལ་ལས་བྱུང་བའི་རུང་ཁང་ནི་དགེ་སློང་ཇི་སྙེད་གནས་དེར་ཕྱིན་པ་དེ་སྙེད་ཀྱིས་གཅོད་པར་བྱེད་པའི་ཕྱིར། དེ་ཡང་མདོར། དང་པོ་གཉིས་ལ་ནི་གང་ཟག་གིས་ཀྱང་ངོ་། །ལག་གི་བླས་སོ་ཞེས་དང་། གཉིས་པ་ལ་ནི་དགེ་སློང་རབ་ཏུ་མང་པོ་དག་གིས་སེམས་བསྡུ་བས་སོ། །གསུམ་པ་ལ་ནི་ལས་ཁོ་ནས་སོ། །བཞི་པ་ལ་ནི་ཇི་སྙེད་ཕྱིན་པ་དེ་སྙེད་ཀྱིས་རུང་བའི་ཁང་པ་ཉིད་དུ་བསྒྲགས་པའི་ཚིག་ཅིག་ཅར་བརྗོད་པས་སོ་ཞེས་གསུངས། གསུམ་པ་དུས་ནམ་གྱི་ཚེ་གཅོད་པ་ཡོད་དེ། རུང་ཁང་དང་པོ་སོ་ཕག་གི་བཅལ་འགྲེམས་པའི་ཚེ་བཅད་པར་བྱ་བ་དང་། གཉིས་པ་ལས་བྱེད་པའི་ཚེ་དང་། གསུམ་པ་དགེ་འདུན་གནས་པ་དང་མ༌བྲལ་བའི་ཚེ་དང་། བཞི་པ་གནས་དེར་དགེ་སློང་གནས་པའི་དོན་དུ་ཕྱིན་པའི་ཚེ་བཅད་པར་བྱ་བ་ཡིན་པའི་ཕྱིར། བཞི་པ་ཆོ་ག་གང་གིས་གཅོད་པ་ཡོད་དེ། དང་པོ་དང་བཞི་པ་ནི། གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་རོ། །ཞེས་པའི་སྔགས་ཚིག་ལན་གསུམ་བརྗོད་པའི་སྒོ་ནས་དང་། གཉིས་པ་ནི། གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་སེམས་བསྡུས་ཤིག་ཅེས་པའི་སྔགས་ཚིག་ལན་གསུམ་བརྗོད་པའི་སྒོ་ནས་དང་། གསུམ་པ་ནི། དགེ་འདུན་གྱིས་གསོལ་གཉིས་ཀྱི་ལས་ཀྱིས་བཅད་པར་བྱ་བ་ཡིན་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |