102237

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨན་ལོངས་སྤྱོད་པའི་ཚུལ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། མདོ་རྩ་བ་ལས། ཟན་གྱི་ཕྱིར་འདུག་པས་འདིའམ་འདི་ནི་ཞེས་པ་ལ་སོགས་པས་བསྟན་ཏོ། །ཟས་ལ་ལོངས་སྤྱོད་པའི་ཚུལ་འདི་ལ་སྦྱོར་བ་དང་དངོས་གཞི་དང་མཇུག་གསུམ་མོ། །དང་པོ་སྦྱོར་བའི་དུས་སུ་ལུས་ཀྱིས་ཚུལ་བཞིན་དུ་འདུག་པ་དང་། ངག་གིས་འདི་ནས་བྱིན་ཅིག་ཅེས་མི་བྱ་བ་དང་། ཡིད་ཀྱིས་འདི་ནི་སྦྱིན་པ་པོའོ། བདག་ནི་ལེན་པ་པོའོ་སྙམ་དུ་དྲན་པ་ཉེ་བར་བཞག་པ་སྟེ། དེ་བཞིན་དུ་འདུག་པར་བྱའོ། །འདིའམ་འདི་ནས་བྱིན་ཅིག་ཅེས་འདྲི་མཁན་ལ་གོ་བར་མི་བྱའོ། །དྲན་པ་ཉེ་བར་བཞག་སྟེ་བསོད་སྙོམས་བསླང་བར་བྱའོ་ཞེས་གསུངས་པས་སོ། །གཉིས་པ་དངོས་གཞིའི་དུས་སུ་ལུས་ཀྱིས་ཁམ་ཆེ་བ་ལ་སོགས་པ་ཡང་སྤང་བ་དང་། ངག་གིས་ཟས་ལ་འཕྱས་འདོགས་པ་ལ་སོགས་པ་སྤང་བར་བྱ་ཞིང་། ཡིད་ཀྱིས་ནི་རྒྱགས་པའི་གཉེན་པོར་བཀྲེས་པའི་ནད་ཞི་བར་བྱ་བ་དང་། ཚུལ་ཁྲིམས་ཀྱི་རྟེན་ལ་ཕན་གདགས་པའི་བསམ་པ་དང་། ཟས་ལ་ཆགས་པའི་གཉེན་པོར་འདུ་ཤེས་བཅུ་ལས་གང་ཡང་རུང་བ་བསྒོམ་པ་དང་། ལྟུང་བ་འབྱུང་བའི་གཉེན་པོར་ལྟུང་བ་མི་འབྱུང་བར་བྱ་བའི་དྲན་པ་ཉེ་བར་བཞག་པ་སྟེ། བདག་ཉིད་ལ་ནད་པའི་འདུ་ཤེས་དང་ཞེས་པ་དང་། འབྱུང་བ་དང་འདྲ་བ་དང་འགྱུར་བ་དང་ཞེས་པ་དང་། ལྟུང་བའི་སྒོར་གྱུར་པའི་འཇུག་པ་ཐམས་ཅད་ལ་དྲན་པས་སྒྲུབ་ཅེས་གསུངས་པས་སོ། །གསུམ་པ་མཇུག་གི་དུས་སུ་ལུས་ཀྱིས་རུང་བའི་ཆུ་ཡིས་ཁ་བཀྲུ་བ་དང་། ངག་གིས་སྦྱིན་པའི་ཚིགས་བཅད་གཉིས་གདོན་པ་དང་། ཡིད་ཀྱིས་ཟས་སྤངས་པ་སྟེ། ཀ་རི་ཀ་ལས། རུང་བ་ཆུ་ཡིས་དེ་འོག་ཏུ། །ཞེས་པ་དང་། སྦྱིན་པའི་ཚིགས་བཅད་གཉིས་ཤིག་བརྗོད། །ཅེས་གསུངས་ཤིང་། ཟས་ནས་གཙུག་ལག་ཁང་གི་ཚིགས་སུ་བཅད་པ་གདོན་ནོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །
Domain ཆོས་ལུགས།