102407

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨོན་ནས་མཁྱེན་པ་ (1)
Part of speech མིང་ཚིག
Definition སྨོན་པ་སྔར་བཏང་བའི་ཤེས་པ་སྨོན་ནས་ཤེས་པ་སྟེ། འདི་ཤེས་པར་བྱའོ་སྙམ་ནས་རབ་ཀྱི་མཐའི་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་ཅིང་། ཏིང་ངེ་འཛིན་དེའི་ཡུལ་དུ་ཇི་ཙམ་ཞིག་གྱུར་པ་གང་ཡིན་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའོ། །འདི་ནི་ཤེས་པ་བཅུ་ལས་ཀུན་རྫོབ་ཤེས་པའི་བདག་ཉིད་ཡིན་ལ། ས་ནི་ལམ་སླ་བ་རྣམས་ཀྱི་མཆོག་པས་བསམ་གཏན་བཞི་པའི་ས་པ་ཁོ་ན་ཡིན་ནོ། །གང་ཟག་ནི་དགྲ་བཅོམ་པ་མི་གཡོ་པའི་ཆོས་ཅན་ཡིན་གྱི་ཉམས་པའི་ཆོས་ཅན་ལ་སོགས་པ་དགྲ་བཅོམ་གཞན་གྱི་ནི་མ་ཡིན་ནོ། །འདིའི་ལུས་རྟེན་ནི་གླིང་གསུམ་གྱི་མི་ཁོ་ནས་སྐྱེད་པར་བྱེད་པ་ཡིན་ནོ། །འདིའི་དམིགས་པ་ནི་ཉོན་མོངས་པ་གཞི་དང་བཅས་པ་མ་ཟད་གཟུགས་ལ་སོགས་པ་ཆོས་ཐམས་ཅད་དོ། །དེ་ཡང་བྱེ་བྲག་ཏུ་སྨྲ་བ་ན་རེ། གཟུགས་མེད་པ་ནི་མངོན་སུམ་དུ་མི་ཤེས་ཏེ། འདི་ནི་བསམ་གཏན་བཞི་པའི་ས་པ་ཡིན་པས་གོང་མ་གཟུགས་མེད་པ་ཡུལ་མ་ཡིན་པའི་ཕྱིར་ཏེ། འདི་ནི་མངོན་ཤེས་དང་འདྲ་བ་ཡིན་ལ་དེ་ནི་རང་དང་འོག་སའི་ཡུལ་ཅན་ཞེས་འཆད་པར་འགྱུར་བའི་ཕྱིར་རོ། །འོན་ཀྱང་ལུས་དང་སེམས་དམན་ཞིང་ཞི་བའི་རྒྱུ་མཐུན་པ་ལས་ནི་གཟུགས་མེད་ནས་སྐྱེས་སོ་བྱ་བ་དང་། སྙོམས་འཇུག་གི་སྤྱོད་པ་དང་ལྡན་པས་གཟུགས་མེད་སྐྱེས་སོ་བྱ་བ་དང་། གཟུགས་མེད་ཀྱི་ཏིང་ངེ་འཛིན་ཐོབ་ལ་མ་ཉམས་པ་དང་ལྡན་པས་གཟུགས་མེད་དུ་སྐྱེ་བར་འགྱུར་རོ་ཞེས་བྱ་བར་ཤེས་ཏེ་ཞིང་པ་རྣམས་ཀྱིས་འབྲུ་ལས་ཞིང་དང་ཞིང་ལས་འབྲུ་དཔོག་པ་བཞིན་ནོ་ཞེས་ཟེར་རོ། །
Domain ཆོས་ལུགས།