102426

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨོན་འཇུག་གཉིས་ཀྱི་ཁྱད་པར་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། འདི་གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་འདོད་ཀྱི་མཚན་ཉིད་ཅན་དུ་འདྲ་ཡང་བསླབ་པའི་གྲོགས་ཀྱིས་ཟིན་མ་ཟིན་ལས་རྣམ་པར་འབྱེད་དེ། ཞི་བ་ལྷ་སོགས་ཀྱི་དགོངས་པའོ། །སྨོན་པ་སེམས་བསྐྱེད་ནི་ཆོ་གས་མི་ལེན་ཏེ། གཞན་དོན་དུ་བྱང་ཆུབ་ཐོབ་འདོད་ཡོད་ན་དེ་ཉིད་ཀྱིས་གྲུབ་ཟིན་ལ། མེད་ན་ཆོ་གས་བླངས་ཀྱང་མི་སྐྱེ་བའི་ཕྱིར་རོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་ཟབ་དོན་གནད་ཀྱི་ཟླ་འོད་ལས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཉམས་ལེན་གང་ཡང་རུང་བས་ཁྱད་པར་དུ་བྱས་པའི་སེམས་པའོ། །དེ་ལྟ་བུའི་ཁྱད་པར་དང་ལྡན་པའི་འཇུག་པ་སེམས་བསྐྱེད་ནི་ལམ་དུ་མ་ཞུགས་པ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་ལ། སྨོན་པ་ནི་ཐེག་ཆེན་གྱི་སྦྱོར་ལམ་ཡན་ཆད་དུ་འགྲོ་བ་མི་སྲིད་དེ། དེར་ནི་དེའི་བསླབ་པའི་གྲོགས་ཀྱིས་ཟིན་པ་ཁོ་ན་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་འདི་འཐད་པ་ཡིན་ནོ། །ཞེས་པཎ་ཆེན་ཤཱཀ་མཆོག་གིས་རྒྱན་འགྲེལ་ལུང་རིགས་རོལ་མཚོ་ལས་གསུངས་སོ། །
Domain ཆོས་ལུགས།
སྨོན་འཇུག་གཉིས་ཀྱི་ཁྱད་པར་ (2)
Part of speech མིང་ཚིག
Definition ས་སྐྱ་པའི་རྗེ་བཙུན་གོང་མ་རྣམས་ཀྱིས་སྨོན་འཇུག་གཉིས་ཀྱི་ཁྱད་པར་ནི་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་དང། སངས་རྒྱས་ཐོབ་པའི་ཆེད་དུ་ལམ་སྒྲུབ་པར་འདོད་པ་ཡིན། སྨོན་འཇུག་གི་སེམས་བསྐྱེད་མཚན་ཉིད་པ་སྐྱེས་པ་དང། ཐེག་ཆེན་ཚོགས་ལམ་དུ་ཞུགས་པ་དུས་མཉམ་མོ། །སྨོན་འཇུག་གི་སེམས་བསྐྱེད་གཉིས་པོ་རྒྱུད་ལ་སྐྱེས་ནས་ཇི་སྲིད་གནས་ཀྱི་བར་དུ་ངོ་བོ་གཅིག་ཏུ་ལྡན་པ་ཡིན་ཏེ། དེ་གཉིས་དུས་མཉམ་དུ་སྐྱེས་པའི་ཚེ་སྨོན་འཇུག་གི་སེམས་ཙམ་ནི་སེམས་བྱུང་འདུན་པ་དང་། སྨོན་འཇུག་གི་སེམས་བསྐྱེད་ཀྱི་གཙོ་བོ་ནི། མི་མཐུན་ཕྱོགས་སྤོང་བའི་སེམས་པའི་སྟེང་ནས་འཇོག་པ་ཡིན་པས། སེམས་པ་དེ་སྨོན་པ་སེམས་བསྐྱེད་དང། འཇུག་པ་སེམས་བསྐྱེད་དུ་ནམ་ཞིག་སོང་བའི་ཚེ་དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་ཐམས་ཅད་སེམས་བསྐྱེད་གཉིས་སུ་འགྱུར་བའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། །སྨོན་པ་སེམས་བསྐྱེད་ཐམས་ཅད་ཀྱང་འཇུག་པ་སེམས་བསྐྱེད་ཡིན་ཏེ། དེ་ཐམས་ཅད་ཀྱང་ཐེག་ཆེན་ལམ་ཞུགས་ཀྱི་རྒྱུད་ཀྱི་སློབ་པའི་སེམས་བསྐྱེད་ཡིན་པའི་ཕྱིར། འཇུག་པ་སེམས་བསྐྱེད་ཐམས་ཅད་ཀྱང་སྨོན་པ་སེམས་བསྐྱེད་ཡིན་ཏེ། དེ་ཐམས་ཅད་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་འདུན་པ་དང་མཚུངས་ལྡན་གྱི་སེམས་བསྐྱེད་ཡིན་པ་གང་ཞིག་དེ་དང་དེར་མཚུངས་ལྡན་གྱི་སེམས་བསྐྱེད་ཐམས་ཅད་དོན་གཉེར་འགྲོ་འདོད་ཀྱི་དཔེས་མཚོན་པའི་སེམས་བསྐྱེད་ཡིན་པའི་ཕྱིར། དོན་གཉེར་འགྲོ་བའི་བྱ་བའི་དཔེས་མཚོན་པའི་སེམས་བསྐྱེད་ནི་འཇུག་པ་སེམས་བསྐྱེད་ཡིན་པས། ཐེག་ཆེན་ལམ་ཞུགས་ཀྱི་རྒྱུད་ཀྱི་སློབ་པའི་སེམས་བསྐྱེད་ཐམས་ཅད་འཇུག་པ་སེམས་བསྐྱེད་ཡིན་པའི་ཤེས་བྱེད་དེ་ཡིན་ནོ། །ཞེས་པཎ་ཆེན་ངག་ཆོས་ཀྱིས་རྒྱན་འགྲེལ་དགོངས་དོན་རབ་གསལ་ལས་གསུངས་སོ། །