102482

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨྱན་བྱེད་པའི་དགེེ་འདུན་ལྷག་མ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་སྐྱེས་པ་དང་བུད་མེད་མི་ཚངས་པ་སྤྱོད་པའི་སྒོ་ནས་མཐུན་པ་སྒྲུབ་པའི་ཆེད་དུ་འཕྲིན་གསུམ་མམ་དེ་དང་འདྲ་བའི་སྦྱོར་བ་དེའི་རྐྱེན་གྱིས་དེ་གཉིས་ཕྲད་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་དག་སྤྲད་པའི་ཡུལ་དང། གང་ལ་གོ་བྱའི་ཡུལ་ལོ། །དང་པོ་ལ་བདུན་ཏེ། སྐྱེས་པ་དང་བུད་མེད་གཉིས་ཀའི་མཚན་དོན་ཡོད་པ་དང། གཉིས་ཀའི་མཚན་བསྟེན་དུ་རུང་བ་དང། གཉིས་ཀ་ཐ་སྙད་བཞི་དང་ལྡན་པ་དང། གཉིས་ཀ་ལུས་ཐ་མལ་པར་གནས་པ་དང། གཉིས་ཀ་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་དང་ལྔ་ནི་སྔར་འཁྲིག་ཚིག་གི་སྐབས་སུ་བཤད་པ་དང་འདྲ་སྟེ། འདིར་སྐྱེས་པ་དང་བུད་མེད་གཉིས་ཀ་ཞེས་པས་ཁྱད་པར་དུ་བྱས་སོ། །རང་ལས་ཐ་དད་ཅིང་དེ་གཉིས་ཀྱང་ཐ་དད་པ་སྟེ། གཞན་དང་གཞན་དུའོ་ཞེས་པས་སོ། །མཐུན་པར་གནས་པ་མ་ཡིན་པ་སྟེ། མི་མཐུན་པ་མཐུན་པར་སྒྲུབ་པའི་ཕྱིར་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིའི་ཡན་ལག་གི་རྣམ་པར་མ་དོར་བར་འཛིན་པའི་ཤེས་པའོ། །ཀུན་སློང་ནི་མི་ཚངས་སྤྱོད་པའི་སྒོ་ནས་མི་མཐུན་པ་མཐུན་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་འཕྲིན་གསུམ་མམ་དེ་དང་འདྲ་བ་བྱེད་པར་ཞུགས་པའོ། །དེ་དང་འདྲ་བ་ནི་ཕྱང་ཡར་ཐོས་པ་ཉིད་ན་དེ་བྱས་པ་ཉིད་དེ་ཞེས་སོ། །མཐར་ཐུག་ནི་སྦྱོར་བ་དེའི་རྐྱེན་གྱིས་དེ་གཉིས་ཕྲད་པ་སྟེ་ཕྲད་ནའོ་ཞེས་སོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། གཞི་ལས་སྤྲད་བྱ་ནི་མཚན་དོན་བྱེད་ནུས་པ་ཐ་སྙད་བཞི་དང་ལྡན་པ། ལུས་བསྟེན་དུ་རུང་བ། མི་མཐུན་པར་གནས་པ། བདག་ཉིད་ལས་རྒྱུད་ཐ་དད་ཅིང་ནང་རྒྱུད་ཐ་དད་པའོ། །བདག་པོ་ལྟ་བུ་ལ་སྨྱན་བྱེེད་ན་དེ་གཉིས་ཐ་སྙད་ལྔ་དང་ལྡན་པའོ། །ཀུན་སློང་ཕྲད་པའི་དོན་དུ་སྤྲད་བྱ་མི་མཐུན་པར་བསྒྲུབ་པའི་ཕྱིར་ཕྲིན་གྱི་སྦྱོར་བ་གསུམ་བྱེད་པར་འདོད་པའོ། །སྦྱོར་བ་རང་ངམ་བསྐོས་པས་ཕྲིན་གྱི་གསུམ་པའོ། །མཐར་ཐུག་དེ་གཉིས་ཀྱི་བསྟེན་བྱ་སྟེན་བྱེད་ཕྲད་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་འདུལ་བའི་སྤྱི་དོན་ལས་སོ། ། མཚན་གཞི་ནི། བཅས་ལྡན་དགེ་སློང་གིས་ཡུལ་བུད་མེད་དང་རང་ལས་གཞན་པའི་སྐྱེས་པ་འཕྲིན་གསུམ་གྱིས་སྦྱོར་བས། མཐར་དེ་གཉིས་འཕྲད་དེ་དབང་པོ་ཕན་ཚུན་སྤྲད་པ་ལན་གཅིག་གམ་གཉིས་ལ་སོགས་པ་བྱུང་བར་བྱས་པའི་བཅས་པའི་ཁ་ན་མ་ཐོ་བ་ནི་བསྙེན་ཁ་བྱེད་པའི་དགེ་འདུན་ལྷག་མའི་ལྟུང་བ་ཡིན་ནོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།