102568

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨྱོ་ཤུལ་ཡུལ་ལེ་དགོན་ (1)
Part of speech མིང་ཚིག
Definition ཁྲོམ་སྨད་ཡུལ་ལེ་པདྨའི་ཐང་དུ་བླ་མ་སྐལ་བཟང་རབ་བསྟན་ལ་ལྷའི་ལུང་བསྟན་ནས་ཁྱོད་ཀྱིས་ཡུལ་འདིར་དགོན་པ་བཏབ་ན་སངས་རྒྱས་ཀྱི་བསྟན་པ་དར་བ་དང་། ཁྲོམ་ཡུལ་ལ་བསྟན་པ་རྒྱས་ནས་སེམས་ཅན་ལ་འགྲོ་དོན་འོང་གསུངས། དེ་ནས་ཁོང་གིས་དགོན་པ་བཏབ་ནས་དགུང་ལོ་བདུན་ཅུ་བར་དགོན་བདག་བྱས། སྔོན་འདིར་དགོན་པའི་ནང་བཞུགས་པའི་གྲྭ་པ་དང་བླ་མ་མང་དུས་བརྒྱ་དང་ཉི་ཤུ་ཙམ་དང་ཉུང་དུས་བརྒྱད་ཅུ་ལྷག་ཙམ་བཞུགས་པ་ཡིན། དགོན་པར་འཆར་ཅན་གྱི་དུས་མཆོད་ནི། སྨྱུང་གནས་ཆ་བརྒྱད་ཞག་བཅུ་དྲུག་དང་མགོན་པོ་ཁྲི་ཚར་དང་སྐུ་གསུམ་ཆོ་ག་ཉིན་བརྒྱད། ཐུགས་རྗེ་ཆེན་པོ་ཆོས་ཉིད་རང་གྲོལ་གྱི་སྒྲུབ་ཆེན་མྱོང་གྲོལ་རིལ་བུའམ་བུམ་སྒྲུབ་ཞག་བདུན། དབྱར་གནས་ཞག་ལྔ་བཅུ། བཀའ་བརྒྱད་དངོས་གྲུབ་རྒྱ་མཚོའི་སྒོས་སྨན་སྒྲུབ་ཞག་བདུན་བསྒྲུབ། འདས་པ་རྣམས་ཀྱི་གདུང་མཆོད་ཉིན་བཞི། དགུ་ཆེན་ལ་སྒྲུབ་པ་བཀའ་བརྒྱད་དང་། ཡེ་ཤེས་རབ་འབར། བདུད་ཕུར། སེང་གདོང་མ་བཅས་སྒྲུབ་ཁག་བཞིས་ཞག་བདུན་འཚོགས་པ་དང་འབྲེལ་མནན་བསྲེག་འཕང་གསུམ་གྱིས་ལས་རྒྱས་པར་མཛད་ཀྱང་དུས་འགྱུར་སྐབས་སུ་ཐམས་ཅད་མིང་ཙམ་དུ་བཏང་། དེང་སྐབས་སླར་ཡང་གཙུག་ལག་ཁང་དང་གྲྭ་ཤག་སུམ་ཅུ་ཙམ་གསར་དུ་བཞེངས། ནང་རྟེན་ལ་གུ་རུའི་སྐུ་འདྲ་དང་། སྔོན་གྱི་གཏེར་ཆོས་པར་ཤིང་སྡེབ་སྟོང་གཉིས་ཙམ་ཡོད། བཀའ་བསྟན་ཆོས་ཆ་ཚང་། བསྟན་བདག་བསོད་ནམས་ཟླ་བའི་གཙོས་དགེ་འདུན་པ་བཞི་བཅུ་ལྷག་གི་སྔ་སྲོལ་དུས་མཆོད་མ་ཆད་པར་བཙུག རྗེ་བླ་མ་ངག་དབང་བསྟན་འཛིན་གྱིས་ཟབ་ཏིག་གཏེར་ཆོས་སྤེལ་བ་ལས་དེའི་དབང་ལུང་གི་བརྒྱུད་ད་དུང་ཡང་བར་མ་ཆད་པར་བཞུགས། གཞན་ཡང་ཀརྨ་གླིང་པ་དང་ཀློང་གསལ་སྙིང་པོའི་གཏེར་ཆོས་སོགས་རྙིང་མའི་བཀའ་གཏེར་གྱི་ཆོ་གའི་སྒྲུབ་པ་དར།