10269
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྒྲུབ་ཕུག་ཅིག་སྟེ། བསམ་ཡས་གཙུག་ལག་ཁང་གི་བྱང་ངོས་སུ་སྤྱི་ལེ་ ༢༥ ཙམ་གྱི་ས་ན་ཡོད་ཅིང་། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཡ་གྱལ་བོད་རྗེ་ཁྲི་སྲོང་ལྡེའུ་བཙན་སྐུ་ཚེ་བརྟན་ཕྱིར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བྲག་དམར་གཡའ་མ་ལུང་གི་དབེན་གནས་སུ་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་དངོས་སུ་ཞལ་ཕྱེ་ནས་ཕྲ་མེན་གྱི་བུམ་པ་རྩི་བཅུད་ཀྱིས་བཀང་སྟེ། ཟླ་བ་གཅིག་སྒྲུབ་པའི་དུས་མགོན་པོ་ཚེ་དཔག་མེད་སྐུ་འཇའ་ཚོན་ལྟ་བུ་བུམ་སྟེང་དུ་བྱོན་ནས་སྐལ་ལྡན་གང་ན་ཡོད། འཇིག་རྟེན་འདི་ན་ཚེའི་སྣོད་དཀོན་པས་སུས་འཐུང་། ཚེ་ལོ་སྟོང་ཕྲག་བདུན་འཚོ་ཞེས་དངོས་སུ་ཞལ་གཟིགས་ཤིང་གསུངས་བྱོན་པར་གྲགས་པ་དེ་ན། གཙོ་བོ་སློབ་དཔོན་ཆེན་པོས་བྱིན་གྱིས་བརླབས་པའི་ཚེ་ཡི་སྒྲུབ་གནས་གཡའ་མ་ལུང་ཞེས་པའི་བྲག་ཕུག་ཏེ་ཡོད། དེའི་ནང་སློབ་དཔོན་ཆེན་པོའི་ཕྱག་རྗེས་དང་ཞབས་རྗེས། ཚེ་དཔག་མེད་དངོས་སུ་ཐིམ་པའི་སྲོག་ཡིག་(ཧྲཱི)་རང་བྱོན། ཧྲཱི་ཡིག་གི་བྲག་དེ་སེང་གེས་བཏེགས་པའི་རང་བྱོན། ཆུ་སྲིན་གྱི་གདུང་མ་སོགས་རང་བྱོན་ངོ་མཚར་ཤིན་ཏུ་ཆེ་བ་མང་པོ་ཡོད། དེའི་ནང་རྟེན་གྱི་གཙོ་བོ་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན། གཡས་སུ་ཚེ་དཔག་མེད། གཡོན་དུ་གུ་རུ་རིན་པོ་ཆེ། ལྷོ་ངོས་སུ་ཚེ་དཔག་མེད་ཡབ་ཡུམ་བཅས་དང་ཆོས་ལོངས་སྤྲུལ་གསུམ་སོགས་བཞུགས་ཡོད། སྒྲུབ་ཕུག་འདིའི་གཤམ་དུ་ཡེ་ཤེས་མཚོ་རྒྱལ་གྱིས་གུ་རུར་སྙིགས་དུས་སེམས་ཅན་ལ་དད་པའི་རྟེན་ཞིག་ཡོད་པར་ཞུ་ཞུས་པས་གུ་རུས་གནང་བའི་ཚེ་ཆུ་ཞིག་མཇལ་རྒྱུ་ཡོད། གནས་དེར་ཕྱིས་སུ་གཏེར་བདག་གླིང་པ་དང་། རྒྱལ་མཆོག་ལྔ་པ་བཅས་ཀྱིས་ཀྱང་ཚེ་སྒྲུབ་གནང་སྟེ་ལོ་མང་བཞུགས་པ་སོགས་གནས་འདི་བོད་ཀྱི་ཚེ་སྒྲུབ་གནང་སའི་སྒྲུབ་ཕུག་གཙོ་བོ་ཡིན་ལ། ཚེ་དབང་ཚེ་སྒྲུབ་ཐོག་མ་དར་བའི་གནས་འདི་ཡིན་ཞེས་གྲགས་ཤིང་གནས་འདིའི་གཡས་གཡོན་དུ་གཞན་ཡང་གཡུ་སྒྲ་སྙིང་པོ། ནམ་མཁའི་སྙིང་པོ། ཡེ་ཤེས་མཚོ་རྒྱལ། རྒྱལ་བ་མཆོག་དབྱངས་རྣམས་ཀྱི་ཕུག་པ། མཁའ་འགྲོའི་བྲོ་རྭ་དང་འོད་གསལ་ཕུག་པ་ཟེར་བ་སོགས་གནས་རྟེན་བྱིན་ཅན་ཤིན་ཏུ་མང་པོ་མཇལ་རྒྱུ་ཡོད་པའི་གནས་མཆོག་ཁྱད་དུ་འཕགས་པ་ཞིག་ཡིན་ནོ། ། |