102757

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲ་བརྐྱང་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སྲ་བརྐྱང་ལ་སཾ་སྐྲྀ་ཏའི་སྐད་དུ་ཀ་ཐ་ན་ཞེས་བྱ་ལ། བོད་སྐད་གཏན་པ་ཞེས་ཀྱང་བྱ་སྟེ། སྲ་རྐྱང་ཞེས་ཀྱང་བྱའོ། །མིང་དེ་གཉིས་ལ་གང་ལ་དངོས་མིང་དུ་འཇུག་པའི་གཞི་ནི། ཆོས་གོས་དྲས་ཤིང་དྲུབ་པ་ན་ཁོད་སྙོམ་པའི་ཕྱིར་དུ། འདིངས་པའི་གཞི་གྱུར་པའི་སྤང་ལེབ་ལ་བྱ་བ་ཡིན་ལ། དེ་གང་ལ་བཏགས་མིང་དུ་འཇུག་པའི་གཞི་ནི། དགེ་འདུན་སྤྱི་ལ་དབང་བའི་ཆོས་གོས་གསུམ་ཕྲུགས་སོ། །དེ་ལ་དེའི་མིང་གིས་འདོགས་པའི་རྒྱུ་མཚན་ནི་དེ་དང་འདྲ་བའོ། །འདྲ་བའི་ཚུལ་ནི། གཏན་པས་ཆོས་གོས་ཀྱི་སྣམ་ཕྲན་དང། གླེགས་བུ་སོགས་ཐམས་ཅད་ལ་ཁྱབ་པ་ལྟར། འདིའི་བྱིན་བརླབས་ཀྱིས་ཀྱང་འདིངས་པ་པོའི་དགེ་སློང་ཐམས་ཅད་ལ་ཁྱབ་པ་དང། གཏན་པས་ཆོས་གོས་འཁུམས་པ་བརྐྱོང་བ་བྱེད་པ་ལྟར། འདིས་ཀྱང་འདིངས་པ་པོའི་དགེ་འདུན་རྣམས་གནང་བ་བག་ཡངས་དང་འབྲེལ་བས་བག་བརྐྱོང་བ་དང། གཏན་པ་དེའི་སྟེང་དུ་ཆོས་གོས་ཀྱི་ཁ་དོག་དང་དབྱིབས་ཀྱི་དངོས་པོ་གཅིག་ཏུ་འགྱུར་བ་ལྟར། འདིས་ཀྱང་འདིངས་པ་པོའི་དགེ་སློང་རྣམས་བློ་རྩེ་གཅིག་ཏུ་མཐུན་པར་བྱེད་པའོ། །དགོས་པ་ནི་དེ་ལ་དེའི་མིང་བཏགས་པས་འདྲ་བའི་ཆོས་དེ་དག་གོ་བའོ། །དངོས་ལ་གནོད་བྱེད་ནི། འདིར་བསྟན་གྱི་དགེ་འདུན་སྤྱི་ལ་དབང་བའི་ཆོས་གོས་གསུམ་ཕྲུགས་བྱིན་བརླབས་ཅན་དེ་ཆོས་ཅན། སྲ་རྐྱང་དངོས་མ་ཡིན་ཏེ། ཆོས་གོས་དྲ་བ་དང་དྲུབ་པའི་ཚེ། འདིངས་པའི་གཞི་གྱུར་པའི་སྤང་ལེབ་མ་ཡིན་པའི་ཕྱིར་རོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་འདུལ་མདོའི་སྣང་བྱེད་ཉི་མའི་ཤིང་རྟ་ལས་སོ། ། དགག་དབྱེའི་དུས་ཀྱི་གོས་བཟང་བ་དགེ་འདུན་སྤྱིའི་དོན་དུ་བྱིན་གྱིས་བརླབས་པའི་ཆོས་གོས་ལ་སྲ་རྐྱང་གི་མིང་བཏགས་ནས་དེ་འདིང་བ་དང། དབྱུང་བ་ལ་སྲ་རྐྱང་འདིང་དབྱུང་དུ་འཇོག་ལ། སྲ་རྐྱང་དངོས་ནི་ཆོས་གོས་དྲུབ་པའི་གཞིའི་གཏན་པ་དེ་ཡིན་ཞིང། འདིར་ནི་དེའི་མིང་ཆོས་གོས་ལ་བཏགས་ནས་སྲ་རྐྱང་ཞེས་བྱ་སྟེ། འདོགས་པའི་རྒྱུ་མཚན་ནི་གཏན་པའི་སྟེང་དུ་ཆོས་གོས་བཏིངས་པས་འདིང་བ་པོ་དག་བློ་རྩེ་གཅིག་ཏུ་གྱུར་པ་དང། གཏན་པའི་སྟེང་དུ་སྣམ་ཕྲན་དང། གླེགས་བམ་གནས་པ་ལྟར་འདིང་བ་པོའི་བྱིན་རླབས་གནས་པ་དང། གཏན་པས་ཆོས་གོས་མི་འཁུམ་པར་བྱེད་པ་ལྟར་འདིང་བ་པོ་བག་ཡངས་སུ་བྱེད་པས་བློ་མི་འཁུམ་པར་བྱེད་པ་དང། གཏན་པས་ཆོས་གོས་ལ་ཁྱབ་པ་ལྟར་འདིང་བ་པོ་ལ་ཕན་ཡོན་གྱིས་ཁྱབ་པར་བྱེད་པའི་རྒྱུ་མཚན་གྱིས་ཡིན་ནོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།