10292
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོད་རབ་བྱུང་བཅུ་གཉིས་པའི་ས་རྟ་ཕྱི་ལོ་ ༡༧༣༨ ལོར་འཕྲིན་ལས་རྒྱ་མཚོས་བཏབ། གྲུབ་མཐའ་རྙིང་མ་ཡིན། དགོན་གསར་གྲོང་གི་སར་ཆགས་པས་འདུལ་ཁྲིམས་འཆོལ་བའི་གྲྭ་བ་མང་དུ་བྱུང་། དེ་ནས་ཁྲིམས་གཙང་རྣམས་གྲོང་གོང་མ་དེར་སྤོས་ནས་གཞི་གསུམ་ཉམས་བཞེས་གནང་བས་མིང་ལ་དག་དགོན་ཞེས་གྲགས། བླ་མ་འཕྲིན་ལས་རྒྱ་མཚོ་ལ་ད་ལྟ་གཡར་དགོན་ཆགས་ཡུལ་གྱི་ཕྱོགས་ནས་སྔགས་སྲུང་ཨེ་ཀ་ཛ་ཊིས་ཞལ་ཡང་ཡང་གཟིགས་པར་བརྟེན། ཁོང་གིས་ཐབས་ཤེས་གང་དྲག་གིས་དགོན་པ་དེར་ཆགས་ཆོག་པའི་ཞུ་བ་ཏྲེ་ཧོར་དཔོན་ལ་ཕུལ་བས་བཀའ་དགོངས་ཁྲོལ་ཏེ་གཡར་བའི་ཚུལ་གྱིས་གནས་དེར་ཆགས་པས་མིང་གཡར་དགོན་ཞེས་ཡོངས་སུ་གྲགས་སོ། ། ཁོང་གིས་ད་ལྟ་རྒྱབ་རི་མ་ཎི་འགོ་ཟེར་བ་ལ་མ་ཎི་རང་བྱོན་གྱི་རྡོ་ཕ་བོང་ཆེན་པོ་ཞིག་ཡོད་པའི་རྩར་དགོན་པ་བཏབ། གདན་ས་དེར་བླ་མ་སྐུ་རབས་བཅུ་གསུམ་བྱོན། རྗེས་སུ་ཧོར་ཡུལ་དུ་ས་འགུལ་ཆེན་པོ་ཞིག་བྱུང་བས་རང་ཤུལ་དུ་དགོན་པ་བཞེངས་མ་ཐུབ་པས་ད་ལྟའི་ཆགས་ཤུལ་དུ་སྤོས། དེར་བློ་བཟང་དར་རྒྱས་ཀྱིས་དགོན་པ་བཏབ། རྟེན་གྱི་གཙོ་བོ་ལ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་དབུ་ཐོད་དུམ་བུ་ཞིག་དང་ཨོ་རྒྱན་རིན་པོ་ཆེའི་སྐུ་འདྲ་སོགས་བཞུགས། སྤྱིར་ཧོར་ཡུལ་དུ་ས་འགུལ་བྱུང་བའི་དུས་ནི། དགེ་འཕེལ་སྐུ་ཕྲེང་གསུམ་པའི་རྣམ་ཐར་དུ་མེ་སྟག་ཟླ་བ་གསུམ་པའི་ནང་བྱུང་ཞེས་གསུང་པ་ལྟར་ན། གཡར་དགོན་ཐེངས་གཉིས་པར་བཏབ་པའི་ལོ་ནི་རབ་བྱུང་བཅུ་བཞི་པའི་མཇུག་གི་མེ་སྟག་ཕྱི་ལོ་ ༡༨༦༦ ལོར་ཡིན། དགོན་པའི་འདོན་ཆོག་དང་། སྒྲུབ་མཆོད། དུས་ཆེན། བཅའ་ཁྲིམས་སོགས་སྒྲུབ་པ་ཉམས་ལེན་ཀཿཐོག་གི་ལུགས་བཞིན་ཡིན། ཕྱི་ལོ་ ༡༩༥༩ ལོའི་སྔོན་དགོན་པ་འདི་ལ་འདུ་ཁང་དང་སྤྱི་ཁང་སོགས་ལྷ་ཁང་དུ་མ་དང་། གྲྭ་ཤག་བཞི་བཅུ་དང་། ད་དུང་བླ་བྲང་བཅས་ས་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་སུམ་སྟོང་ཙམ་ཡོད། རྟེན་གཙོ་བོ་གུ་རུའི་སྐུ་འདྲ་དང་། ཐུབ་པ་གཙོ་འཁོར་གསུམ་སོགས་ཡིན། དུས་འགྱུར་སྐབས་སུ་རྟེན་དང་དངོས་རྫས་སོགས་མིང་ཙམ་དུ་གྱུར་བ་དང་བླ་གྲྭ་རྣམས་གྲོང་སྡེའི་ངལ་རྩོལ་དུ་ཞུགས་ཏེ་དགོན་པ་སྟོང་བར་གྱུར། རྗེས་སུ་རབ་བྱུང་བཅུ་དྲུག་པའི་ཤིང་གླང་ཕྱིི་ལོ་ ༡༩༨༥ དགོན་པ་རྟེན་དང་བརྟེན་པ་གསར་བཞེངས་མཛད། དེ་ནས་སྒྲུབ་མཆོད་སོགས་སྔར་སྲོལ་གང་ཡོད་རྣམས་སླར་གསོ་མཛད། |