103001
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྲིད་པ་འཁོར་ལོའི་རི་མོ་ནི། རྒྱལ་པོ་གཟུགས་ཅན་སྙིང་པོས་སངས་རྒྱས་ཀྱི་བཀའ་བཞིན། སྒྲ་སྒྲོག་གི་རྒྱལ་པོ་ཨུ་ཊ་ཡ་ན་ལ་སྐྱེས་ལན་འབུལ་བྱེད་དུ་བྲིས་པར་བཤད་དེ། བསྟན་པ་འདིའི་རི་མོའི་ཐོག་མ་ཡིན་པར་གྲགས་སོ། །རི་མོའི་དབུས་སུ་བྱ་ཕག་སྦྲུལ་གསུམ་བྲིས་པ་ནི། བྱས་འདོད་ཆགས་དང༌། སྦྲུལ་གྱིས་ཞེ་སྡང༌། ཕག་པས་གཏི་མུག་མཚོན། བྱ་སྦྲུལ་གཉིས་ཕག་གི་ཁ་ནས་ཐོན་པར་བྲིས་པ་ནི། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱིས་གཙོས་པའི་འཁོར་བའི་ཉེས་པ་ཐམས་ཅད་ཉོན་མོངས་དུག་གསུམ་ལས་བྱུང་ཞིང༌། ཆགས་སྡང་གཉིས་ཀྱང་རྩ་བ་གཏི་མུག་ལས་བྱུང་བར་མཚོན་ནོ། །དེའི་མཐར་ལམ་དཀར་ནག་གཉིས་བྲིས་པས་དགེ་སྡིག་གི་ལས་དཀར་ནག་གཉིས་མཚོན། དེའི་བར་དུ་ལྷ་དང་མི། ལྷ་མ་ཡིན། དམྱལ་བ། ཡི་དྭགས། དུད་འགྲོའི་བཀོད་པ་བྲིས་པ་ནི། འཁོར་བར་འཁོར་བའི་གནས་ལ་འགྲོ་བ་རིགས་དྲུག་ཏུ་མཚོན་པའོ། །དེའི་མཐའ་སྐོར་གཡས་ཕྱོགས་སུ། དང་པོར་དམུས་ལོང་འཁར་བ་ལ་བརྟེན་ནས་འགྲོ་བར་བྲིས་པ་ནི། མ་རིག་པའི་རྟེན་འབྲེལ་མཚོན་ཏེ་དམུས་ལོང་བདེ་བའི་ལམ་དུ་འགྲོ་བ་ལ་རྨོངས་པ་ལྟར། ཚུལ་མིན་ཡིད་བྱེད་ལ་བརྟེན་ནས་ཕྱིན་ཅི་ལོག་ཏུ་བཟུང་སྟེ་དགེ་སྡིག་གི་ལས་ལ་གྱ་ཚོམ་དུ་འཇུག་པ་དེའོ། །གཉིས་པར་རྫ་མཁན་བྲིས་པ་ནི། འདུ་བྱེད་ཀྱི་རྟེན་འབྲེལ་མཚོན། གསུམ་པ་སྤྲེའུ་ཤིང་རྩེར་གནས་པ་བྲིས་པ་ནི། རྣམ་ཤེས་ཀྱི་རྟེན་འབྲེལ་མཚོན། བཞི་པ་གྲུ་གཟིངས་བྲིས་པ་ནི། མིང་གཟུགས་ཅི་རིགས་པའི་རྟེན་འབྲེལ་མཚོན། ལྔ་པ་ཁང་པ་སྟོང་པ་བྲིས་པ་ནི། སྐྱེ་མཆེད་ཀྱི་རྟེན་འབྲེལ་མཚོན། དྲུག་པ། ཕོ་མོ་ཕན་ཚུན་འཁྱུད་ཅིང་འོ་བྱེད་པའི་རྣམ་འགྱུར་བྲིས་པ་ནི། རེག་པའི་རྟེན་འབྲེལ་མཚོན། བདུན་པ་མིག་ལ་མདའ་ཟུག་པར་བྲིས་པ་ནི། ཚོར་བའི་རྟེན་འབྲེལ་མཚོན། བརྒྱད་པ་སྐྱེས་བུ་ཆང་འཐུང་བ་བྲིས་པ་ནི། སྲེད་པའི་རྟེན་འབྲེལ་མཚོན། དགུ་པ་སྤྲེའུས་ཤིང་ཏོག་ལེན་པར་བྲིས་པ་ནི། ལེན་པའི་རྟེན་འབྲེལ་མཚོན། བཅུ་པ་བུད་མེད་སྦྲུམ་མ་བྲིས་པ་ནི། སྲིད་པའི་རྟེན་འབྲེལ་མཚོན། བཅུ་གཅིག་པ་ཕྲུ་གུ་བཙའ་བར་བྲིས་པ་ནི། སྐྱེ་བའི་རྟེན་འབྲེལ་མཚོན། བཅུ་གཉིས་པ་མི་རོ་འཁུར་བར་བྲིས་པ་ནི། རྒ་ཤི་ཅི་རིགས་པའི་རྟེན་འབྲེལ་མཚོན། དེ་ཐམས་ཅད་འཁོར་ལོའི་རྣམ་པར་འཆི་བདག་གི་ཁ་དང་རྐང་ལག་བཞིས་དམ་དུ་བཟུང་བར་བྲིས་པ་ནི། ལས་དང་ཉོན་མོངས་པའི་དབང་གིས་སྲིད་པ་འདིར་སྐྱེ་བ་ལེན་པ་མཐའ་དག་མཐར་འཆི་བདག་གི་དབང་དུ་མ་གྱུར་པ་མེད་པ་འཁོར་བའི་རྩ་བ་མ་སྤངས་པ་དེ་སྲིད་དུ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་འཁོར་མོར་མྱངས་ཏེ་སྲིད་རྩེ་ནས་མནར་མེད་བར་རྟག་ཏུ་འཁོར་བར་མཚོན། སྟེང་དུ་ཟླ་བའི་གཟུགས་བརྙན་བྲིས་པ་ནི། སྡུག་བསྔལ་མཐའ་དག་ཞི་བའི་ཞི་བ་མྱང་འདས་མཚོན། དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཕྱག་བརྐྱངས་ཏེ་བསྟན་པ་ནི། ཞི་བ་མྱང་འདས་འདི་ལྟ་བུ་ཞིག་མ་ཐོབ་ན་འཁོར་བའི་རྒྱ་མཚོའི་སྡུག་བསྔལ་གྱི་འཇིངས་སུ་རྟག་ཏུ་འཁོར་བ་ལས་ཐར་དུས་མེད་པས་འགྲོ་བ་རྣམས་ཀྱིས་ཞི་བ་མྱང་འདས་ཀྱི་གོ་འཕང་ཐོབ་པའི་ཐབས་ལ་བརྩོན་དགོས་ཞེས་བརྡ་ཐབས་ཀྱིས་འདོམས་པར་མཛད་པ་མཚོན་ནོ། ། |
| Domain | ཆོས་ལུགས། |