103092

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲིན་པོ་རི་ (1)
Part of speech མིང་ཚིག
Definition མཚན་གཞན་ལ། བདེ་མཆོག་སྲིན་པོ་རི། དྲང་སྲོང་སྲིན་པོ་རི། ཞེས་ཀྱང་གྲགས། དགོན་པ་འདི་ནི་པཎ་ཆེན་ཤཱཀྱ་ཤྲཱིས་ཕྱག་བཏབ་པར་གྲགས་མོད། དེའི་རྟེན་གཙོ་བདེ་མཆོག་གསུང་བྱོན་མ་ནི། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲིའི་སློབ་མ་པཎྜི་ཏ་བི་བྷུ་རི་ཙནྡྲ་པ་སྟེ་རབ་འབྱོར་ཟླ་བས་བཞེངས། དེ་ཡང་འབྲི་གུང་པས་པཎ་ཆེན་ཤཱཀྱ་ཤྲཱི་གདན་དྲངས་པའི་ཚེ། པཎྜི་ཏ་བི་བྷུ་ཏི་ཙན་ཐས་ཕྱག་རྒྱ་རྫུན་ཆེ་ཞེས་སྐུར་པ་བཏབ་པའི་སྒྲིབ་སྦྱོང་དུ་རྗེ་བཙུན་མའི་ལུང་བསྟན་ལྟར་བདེ་མཆོག་གི་ལྷ་ཁང་བཞེངས་པའི་སྐུ་ཁྱད་པར་ཅན་དེའི་འོག་ཏུ་དར་སྐུད་འདྲོངས་པ་སོགས་བར་སྣང་མར་གྲགས་པ། ད་ལམ་ཁྱུད་གམ་ཙམ་ས་ལ་མ་རེག་པའི་ངོ་མཚར་གྱི་བཀོད་པ་འདྲེན་བྱེད་ཀྱི་ཡུལ་དུ་གྱུར། ཞེས་མགོན་པོ་བསོད་ནམས་མཆོག་ལྡན་གསུངས། དེ་ལ་བརྟེན་ནས་སྲིན་པོ་རི་འདི་བདེ་མཆོག་གི་གནས་སུ་ཡོངས་སུ་གྲགས། སྤྱིར་གནས་འདིར་བདེ་མཆོག་ལྷ་ཁང་། སྒང་ལ་བླ་མ་ལྷ་ཁང་། མགོན་ཁང་། སྒྲོལ་མ་ལྷ་ཁང་། ཡི་དམ་སྒོམ་སའི་རྣལ་འབྱོར་ལྷ་ཁང་། རྟེན་གཞན་ཡང་། རྡོ་རྗེ་ཕག་མོ་གསུང་བྱོན་དང་། མ་ནོར་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། བདེ་མཆོག་དང་ཀྱེ་རྡོར་དཀྱིལ་འཁོར་ལ་སོགས་མང་། འཇམ་མགོན་ས་པཎ་སྐབས་སྲིན་པོ་རི་པས་དགེ་འདུན་གྱི་སྟོན་མོར་སྤྱན་དྲངས་པ་དང་། པཎ་ཆེན་ནགས་ཀྱི་རིན་ཆེན་གྱིས་སྡོམ་གསུམ་གྱི་བསྟན་བཅོས་ཞིག་གནས་འདིར་མཛད་པ། ས་སྐྱའི་བདག་ཆེན་ཆོས་ཀྱི་རྒྱལ་མཚན་དགུང་ལོ་བདུན་ཅུ་པར་སྲིན་པོ་རིའི་རྣམ་རྒྱལ་སྒང་གི་གཟིམས་ཁང་དམར་མོར་མྱ་ངན་ལས་འདས་པ། དེ་བཞིན་ཁྱབ་བདག་དབང་ཕྱུག་རབ་བརྟན་དང་མགོན་པ་བསོད་ནམས་མཆོག་ལྡན་སོགས་ཀྱིས་མཆོད་སྤྲིན་སྤྲོས་པར་མཛད། ས་སྐྱ་ལོ་ཙཱའི་སློབ་མ་ལ་སྲིན་པོ་རི་མཁན་ཆེན་བསོད་ནམས་རྒྱལ་མཆོག་བྱོན་པས་སྔོན་ཚེ་རབ་བྱུང་གི་སྡེ་ཞིག་ཡིན་ཀྱང་། ཨོ་པ་ཞེས་སྔགས་འཆང་གི་སྡེར་གྱུར། སྲུང་མ་གཙོ་བོ། མགོན་པོ་ཞལ་བཞི་ཕྱག་དྲུག་ཡིན། ཕྱག་བཞེད་ལ། བོད་ཟླ་བཅུ་པའི་ཚེས་བཅོ་ལྔ་ས་ཁྲིའི་སྐབས་འཆམ་འཁྲབ་སྲོལ་ཡོད་ལ། དེའི་དབུར་གོང་དཀར་ཆོས་སྡེའི་མཁན་རིན་པོ་ཆེ་ཕེབས་སྲོལ་ཡོད། པཎ་ཆེན་ཤཱཀྱ་ཤྲཱིའི་སྒྲུབ་ཕུག་ཏུ་གྲགས་པ་ཞིག་ཡོད་ཀྱང། དེའི་ནང་གོང་དཀར་རྔ་ཆེན་དང་གར་ཆུང་གི་ལྡེབས་རིས་སྣང་བས། ཀུན་མཁྱེན་ཀུན་དགའ་རྣམ་རྒྱལ་དང་འབྲེལ་བ་ཡོད་པར་མངོན། དུས་འགྱུར་དང་རིག་གསར་སྐབས། རྟེན་གཙོ་བདེ་མཆོག་གི་སྐུ་དང་ཡུམ་རྡོ་རྗེ་ཕག་མོ་གཉིས། ཡུལ་མི་དད་ལྡན་གྱིས་བྲག་གི་གསེབ་ཏུ་སྦས་པས་ད་ལྟ་ཡང་བསོད་ནམས་གྱི་རྟེན་དུ་བཞུགས་པ་ལས། མ་ནོར་ཐུགས་རྗེ་ཆེན་པོ་དང་། བཀའ་གདམས་མཆོད་རྟེན་གྲགས་ཅན། ཉེ་བའི་སྲས་བརྒྱད་སོགས་མང་པོ་ཞིག་རིག་གསར་སྐབས་རྡོ་གཅལ་ནང་བརྡབ་སྟེ། གསེར་ཟངས་ཡིན་པས་རྫོང་བརྒྱུད་རྒྱ་ནག་ཏུ་དབོར་འདྲེན་གྱིས་བརླག། དཔེ་ཆ་རྙིང་པ་མེར་བསྲེག་བཏང་བ་དང་། གླེབས་བམ་རྣམས་ནི་སྟག་པང་ཡིན་པས་སློབ་ཕྲུག་གི་སྦྱང་ཤིང་བཟོས་ཏེ་ཉམས་རྒུད་ཆེན་པོ་བྱུང་།