From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྲེད་པའི་རྟེན་འབྲེལ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། རང་རྒྱུད་པ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་ཚོར་བའི་དབང་གིས་སྡུག་བསྔལ་དང་འབྲལ་བར་འདོད་ལ། བདེ་བ་དང་འཕྲད་ཅིང་འགྲོགས་པར་འདོད་པའི་ཆགས་པའི་སེམས་བྱུང་ཞིག་ལ་སྲེད་པའི་རྟེན་འབྲེལ་ཞེས་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་སྨད་ཆ་ལས། རྟེན་འབྲེལ་བཅུ་གཉིས་ཀྱི་ཡན་ལག་བརྒྱད་པ་གང་ཞིག །རྟེན་འབྲེལ་ཚར་གཅིག་ཏུ་གཏོགས་པའི་ལས་ནུས་པ་མཐུ་ཅན་དུ་འགྱུར་བའི་འདོད་ཆགས་སུ་དམིགས་པ་དེ། ཡན་ལག་བརྒྱད་པ་སྲེད་པའི་རྟེན་འབྲེལ་གྱི་མཚན་ཉིད། དབྱེ་ན། འདོད་སྲེད། འཇིག་སྲེད། སྲིད་སྲེད་དང་གསུམ་ཡོད། ཅེས་དང་། ཡང་ཕར་ཕྱིན་སྤྱི་དོན་ལས། ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་སྲེད་པའི་རྟེན་འབྲེལ་ཡོད་དེ། ཚོར་བ་གསུམ་གང་རུང་ཉམས་སུ་མྱོང་བ་ན་དེ་ལ་སྲེད་པའི་འདོད་ཆགས་དེ་དེ་ཡིན་པའི་ཕྱིར། དབྱེ་ན། ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་འདོད་སྲེད་འཇིག་སྲེད་སྲིད་སྲེད་དང་གསུམ། དང་པོ་ནི། བདེ་བ་ཐོབ་འདོད་ཀྱི་སྲེད་པ་ལྟ་བུ། གཉིས་པ་ནི། སྡུག་བསྔལ་དང༌བྲལ་འདོད་ཀྱི་སྲེད་པ་ལྟ་བུ། གསུམ་པ་ནི་ཡང་སྲིད་དོན་གཉེར་གྱི་སྲེད་པ་ལྟ་བུའོ། །ཞེས་སོ། །
|
| Domain
|
ཆོས་ལུགས།
|
སྲེད་པའི་རྟེན་འབྲེལ་ (2)
| Part of speech
|
མིང་ཚིག
|
| Definition
|
ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་ཡན་ལག་བརྒྱད་པ་གང་ཞིག རང་གི་དམིགས་པར་གྱུར་པའི་རྟེན་ཅན་གྱི་གང་ཟག་གི་ཡང་སྲིད་ཕྱི་མའི་རྣམ་སྨིན་གྱི་ཕུང་པོ་ལ་སྲིད་པའི་འདོད་ཆགས། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་བརྒྱད་པ་སྲེད་པའི་རྟེན་འབྲེལ་གྱི་མཚན་ཉིད་ཡིན། དེ་ལ་དབྱེ་ན། ཁོ་རང་ཡིན་པར་གྱུར་པའི་འདོད་པའི་སྲེད་པ། གཟུགས་ཀྱི་སྲེད་པ། གཟུགས་མེད་ཀྱི་སྲེད་པ་དང་གསུམ་ཡོད། རང་གི་དམིགས་པར་གྱུར་པའི་འདོད་པའི་རྣམ་སྨིན་གྱི་ཕུང་པོ་ལ་དམིགས་པའི་སྲེད་པ། འདོད་པའི་སྲེད་པའི་མཚན་ཉིད། རང་གི་དམིགས་པར་གྱུར་པའི་གཟུགས་ཀྱི་རྣམ་སྨིན་གྱི་ཕུང་པོ་ལ་དམིགས་པའི་སྲེད་པ། གཟུགས་ཀྱི་སྲེད་པའི་མཚན་ཉིད་དང། རང་གི་དམིགས་པར་གྱུར་པའི་གཟུགས་མེད་ཀྱི་རྣམ་སྨིན་གྱི་ཕུང་པོ་ལ་དམིགས་པའི་སྲེད་པ། གཟུགས་མེད་ཀྱི་སྲེད་པའི་མཚན་ཉིད་ཡིན། སྤྱིར་སྲེད་པ་ལ་འདོད་སྲེད། འཇིགས་སྲེད། སྲིད་སྲེད་གསུམ་ཡོད། བདེ་བ་ཐོབ་འདོད་ཀྱི་སྲེད་པ་དང་པོ་དེ་ཡིན། སྡུག་བསྔལ་ཐོབ་འདོད་ཀྱི་སྲེད་པ་གཉིས་པ་ཡིན། བརྒྱད་པ་སྲེད་པའི་རྟེན་འབྲེལ་ཡིན་ན། སྲིད་སྲེད་ཡིན་པས་ཁྱབ་སྟེ། རྣམ་འགྲེལ་ལས། སྲོག་ཆགས་བདེ་སྡུག་ཐོབ་པ་དང། །འདོད་འདོད་འཇུག་པ་དེ་དག་ནི། །འདོད་དང་འཇིགས་སྲེད་ཡིན་པར་འདོད། །ཅེས་གསུངས་པའི་ཕྱིར། ཕུང་སོགས་གང་ཡིན་དཔྱད་པ་ནི། བརྒྱད་པ་དང་དགུ་པ་གཉིས་ལ་སེམས་བྱུང་འདུ་བྱེད་ཀྱི་ཕུང་པོ་ཡིན། སྤང་བྱ་གང་ཡིན་དཔྱད་པ་ནི། དེ་སྒོམ་སྤངས་ཡིན་ཞིང། དེར་གྱུར་པའི་མཐོང་སྤངས་ཡོད་དེ། རྒྱུ་མཚན་ལྟར་སྣང་དང་གྲུབ་མཐའ་ངན་པའི་དབང་གིས་བྱུང་བའི་རྟེན་འབྲེལ་དེ་ཡིན་པ་ཡོད་པའི་ཕྱིར། དེ་ཡིན་ན། སྒྲིབ་ལུང་མ་བསྟན་ཡིན་པས་ཁྱབ་སྟེ། དེ་ཡིན་ན། ཉོན་མོངས་ཡིན་དགོས་པའི་ཕྱིར། གང་ཟག་སུའི་རྒྱུད་ལ་ཡོད་མེད་དཔྱད་པ་ནི། ཡང་སྲིད་དུ་སྐྱེ་བ་ལེན་པར་བྱེད་པའི་འཆི་སྲིད་ལ་གནས་པའི་གང་ཟག་རྣམས་ཀྱི་རྒྱུད་ལ་ཡོད།
|