10332
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བདུན་པའི་ཤིང་རྟ་ཕྱི་ལོ་ ༡༤༡༤ ལོར་གཙང་གཡས་རུ་བྱང་གི་ས་ཆར་སྐུ་འཁྲུངས། གཙང་བཀྲ་ཤིས་ལྷུན་པོའི་ཆོས་གྲྭར་ཞུགས། རྗེ་དགེ་འདུན་གྲུབ་པ་དཔོན་དུ་བསྟེན། གསུང་རབ་མཐའ་དག་ལེགས་པར་སྦྱངས། རྗེ་ཤེས་རབ་སེང་གེ་ལས་གསང་བ་འདུས་པའི་རྒྱུད་འགྲེལ་སོགས་གསན། རྩེད་ཐང་དུ་པོ་ཏི་སུམ་ཅུ་རྩ་དྲུག་གི་གྲྭ་སྐོར་མཛད། མཁས་པའི་གྲགས་པ་རྒྱས། གསང་ཕུར་ཆོས་རྗེ་ཡོན་ཏན་རྒྱ་མཚོ་དང་། འབྲས་སྤུངས་སུ་འཇམ་དབྱངས་ཆོས་རྗེ་ལས་ཆོས་གསན། བཀྲ་ཤིས་ལྷུན་པོ་དང་། གསེར་ཁང་གོང་མ་རྣམས་སུ་རིམ་པ་བཞིན་བཀའ་དང་བསྟན་བཅོས་མང་པོར་བཤད་པ་མཛད། སླར་དབུས་སུ་ཕེབས་ནས་སེ་ར་རྒྱའི་གྲྭ་ཚང་དང་། ཤར་གྱི་མཚན་ཉིད་གྲྭ་ཚང་། ཐང་སྐྱ་རྣམས་སུ་འཆད་ཉན་རྒྱ་ཆེར་གནང་། དགེ་ལྡན་ཤར་གྱི་རི་ལ་བཞུགས། རྩེ་ཤར་གྱི་རྩོད་པ་ཞི་བར་མཛད། རེ་དྲུག་པ་རབ་བྱུང་བརྒྱད་པའི་ལྕགས་བྱི་ཕྱི་ལོ་ ༡༤༨༠ ལོར་དགའ་ལྡན་གསེར་ཁྲིར་བཞུགས། འབྲས་སྤུངས་ཀྱི་གདན་སར་ཡང་ཕེབས། གདན་ས་གཉིས་ཀར་མདོ་སྔགས་ཀྱི་གསུང་རབ་མང་དུ་གསུངས། གསེར་ཁྲི་ལོ་བཅུ་གཅིག་རིང་བསྐྱངས། རྒྱལ་བ་བྱམས་པའི་ཕོ་བྲང་བཞེངས། དོན་བདུན་པ་རབ་བྱུང་བརྒྱད་པའི་ལྕགས་ཕག་ཕྱི་ལོ་ ༡༤༩༡ ལོར་སྐུ་གཤེགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་བརྒྱད་པ་ཡིན། གསུང་རྩོམ་ནི་རྣམ་འགྲེལ་ཊིཀ་བཞུགས། སློབ་མ་གྲགས་ཆེ་བ་ནི་ཆོས་རྗེ་བློ་བཟང་པ་དང་། ནེ་ཙོ་པ། བློ་གྲོས་འཇམ་དཔལ། ལས་ཅན་བསོད་ནམས་དཔལ་བ་བཅས་ཡིན། |