103324

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲོག་གཅོད་པ་ (1)
Part of speech མིང་ཚིག
Definition མི་དགེ་བ་བཅུའི་ནང་གསེས་ཤིག སེམས་ཅན་གཞན་ཞིག་གི་སྲོག་གཅོད་པ་སྟེ། སྲོག་ཞེས་བྱ་བ་ནི་ལུས་དང་སེམས་ལ་བརྟེན་ནས་འཇུག་པའི་རླུང་ཡིན། དེ་གཅོད་པར་བྱེད་པ་སྲོག་གཅོད་པའོ། །དཔེར་ན་མར་མེ་འམ། དྲིལ་བུ་སྐད་འགག་པར་བྱེད་པ་དང་འདྲའོ། །ཡང་ན་སྲོག་གི་དབང་པོ་སྲོག་ཡིན་ཏེ། དེ་འགག་པར་བྱེད་དོ། །གལ་ཏེ་སྲོག་གི་དབང་པོའི་སྐད་ཅིག་མ་གཅིག་སྐྱེ་བ་ལ་བར་ཆད་བྱེད་ན་ཡང་སྲོག་གཅོད་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་ལྟ་བས་ན་དབང་པོ་དང་བཅས་པའི་ལུས་ནི་གསོན་པོ་ཞེས་བྱ་ལ། དབང་པོ་མེད་པ་ནི་ཤི་བ་ཞེས་བྱའོ། །སྲོག་གཅོད་པའི་ལས་ཀྱི་ལམ་དུ་འགྱུར་ཚུལ་ནི་འདི་ལྟ་སྟེ། བསད་པར་བྱ་གཞི་ནི་སྲོག་ལྡན་སེམས་ཅན། བསད་དོ་སྙམ་དུ་བསམས་ནས། གཞན་དང་མ་ནོར་བར་དེ་ཉིད་ལ། སྦྱོར་བ་ནི་མཚོན་དུག་སྔགས་ཀྱིས་གསོད་པར་བརྩམས་པའམ། གཞན་ལ་གསོད་དུ་བཅུག་ནས། མཐར་ཐུག་ནི་གཞན་གྱི་སྲོག་གི་དབང་པོ་འགག་པའོ། ཚུལ་དེ་འདྲ་ཙམ་གྱིས་སྲོག་གཅོད་པའི་མི་དགེ་བའི་གཞི་བསམ་སྦྱོར་བ་མཐའ་ཐུག་ཚང་པས་སྲོག་གཅོད་པའི་ཁ་ན་མ་ཐོ་བའི་དངོས་པོ་འབྱུང་ངོ་། །གལ་ཏེ་གསོད་པའི་བསམ་པ་མེད་པར་མེ་འབར་བའི་ནང་སྲོག་ཆགས་མི་འདོད་བཞིན་དུ་ལྷུང་ནས་ཤི་ཤོར་བ་དང་། མས་བུ་འདུལ་བའི་ཕྱིར་བརྡེགས་པ་ལས་དེ་སྲོག་དང་བྲལ་བ་དང་། ནད་པ་ལ་སྨན་པས་ཕན་པར་འདོད་པས་ཉེས་པ་མ་མཐོང་སྟེ་སྨན་འབྱིན་པ་ལས་ཤི་བ་དང་། དེ་བཞིན་དུ་ནོར་བ་བསད་པ་ལ་སོགས་དང་། ཡང་གང་ཞིག་གིས་ཕ་རོལ་པོ་འཆི་ངེས་པར་བྱས་ཏེ་གསོད་པ་པོ་རང་ཉིད་ཕ་རོལ་པོ་འཆི་བའི་སྔ་རོལ་དང་དུས་མཉམ་དུ་ཤི་བ་དེ་ལ་ནི་སྲོག་གཅོད་པའི་སྦྱོར་བས་རེག་པར་འགྱུར་གྱི་ལས་ཀྱི་ལམ་དངོས་དང་མཇུག་འབྱུང་བ་མེད་དེ། དང་པོ་ལ་དག་ལ་བསམས་པའི་དོན་མ་རྫོགས་པའི་ཕྱིར་རོ། །མཐའ་མ་ལ་རྫོགས་ནའང་ལུས་གཞན་སྐྱེས་པའི་ཕྱིར་རོ། །གཞན་ཡང་། མང་པོ་ཚོགས་ཏེ་གྲོས་བྱས་ནས་དམག་དང་རི་དྭགས་ཀྱི་ལིངས་དང་རྒྱར་འཆུ་བ་ལ་སོགས་པ་བྱེད་ན་དངོས་སུ་གཅིག་གིས་སྲོག་དང་བྲལ་བར་བྱས་པ་ན། གཞན་དག་རྣམས་དངོས་སུ་གསོད་པ་པོ་མ་ཡིན་པ་ཐམས་ཅད་ལའང་དངོས་སུ་གསོད་པར་བྱེད་པ་པོ་བཞིན་དུ་སྲོག་གཅོད་པའི་དངོས་ཀྱི་ལས་ལམ་དང་ལྡན་པར་འགྱུར་ཏེ། ཐམས་ཅད་པོ་གསོད་པ་ལ་སོགས་པ་བྱེད་པར་དོན་གཅིག་ལ་ཞུགས་པའི་སྦྱོར་བ་ཅན་ཡིན་པའི་ཕྱིར་རོ། །འོན་ཏེ་དམག་ལ་སོགས་པའི་ཚོགས་པ་ལ་ཡོད་ཀྱང་རང་གི་སྲོག་ལ་ཐུག་ཀྱང་གཞན་གྱི་སྲོག་མི་གཅོད་དོ་སྙམ་དུ་ངེས་པར་བྱས་ཏེ་འགྲོ་ན་ནི་དེ་ལ་སྲོག་གཅོད་པའི་ཉེས་པས་རེག་པར་མི་འགྱུར་ལ། འོན་ཏེ་བསམ་པ་ངེས་པ་དེ་ལྟ་བུ་མེད་ན་ནི་ལྡན་པར་འགྱུར་རོ། །
Domain ཆོས་ལུགས།