10357

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་གཉིས་པའི་མེ་རྟ་ཕྱི་ལོ་ ༡༡༢༦ ལོར་གཡས་རུ་གཙང་གི་སྒོ་བཞི་རེ་ཐང་དུ་ཡབ་ཁྱུང་པོ་རྡོ་རྗེ་དང་། ཡུམ་པདྨ་འོད་ལྡན་གཉིས་ཀྱི་སྲས་སུ་འཁྲུངས། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་དང་གདུང་རྒྱུད་གཅིག་ཡིན། དེ་ནས་རྩིས་པའི་མི་རབས་བཅུ་གསུམ་པ་ཡིན། འཁྲུངས་མ་ཐག་ཏུ་སྨན་གཞུངས་ཐོགས་མེད་དུ་གསུངས། ཡུམ་ལ་སྤྱན་མི་འཛུམ་པར་གཟིིགས་པ་སོགས་མཛད། གསུམ་པར་སྔོན་གྱི་བག་ཆགས་སད་དེ་ཆོས་སྤྱི་དང་གསོ་དཔྱད་ཀྱི་གཞུང་ལ་རྨོངས་པ་མེད་པའི་མཁྱེན། ཀུན་གྱིས་འཇམ་དབྱངས་གཡུ་ཐོག་མགོན་པོ་ཟེར་བ་བྱུང་། བརྒྱད་པར་རིག་གནས་ཀུན་དང་ཁྱད་པར་གསོ་དཔྱད་ཀྱི་གཞུང་མན་ངག་དང་བཅས་པ་ཕུལ་དུ་ཕྱིན་པར་མཁྱེན། སྨན་པའི་རྒྱལ་པོ་དང་འདྲ་བར་འཕྲིན་ལས་ཤིིན་ཏུ་རྒྱས་པ་གྱུར། བཅུ་གཉིས་པར་དགེ་བཤེས་རོག་སྟོན་རྒྱུད་བཞིའི་མན་ངག་གཞུང་འགྲེལ་དང་བཅས་པ་གསན། བཅོ་བརྒྱད་པར་རྒྱ་གར་དུ་ཕེབས། སོ་མ་ཎ་ཛ་དང་། ཡན་ལག་བརྒྱད་པ། རིག་པ་རྩ་མདོ། འཁྲུངས་དཔེ་ཆེ་ཆུང་བཅས་གསོ་དཔྱད་གཞུང་ལུགས་མང་པོ་གསན། ཉེར་གཅིག་པར་བོད་དུ་ཕེབས་ཏེ་འགྲོ་དོན་མཛད། རྒྱ་གར་དུ་སྔ་ཕྱི་ཐེངས་དྲུག་ཏུ་ཕེབས། གསོ་བ་རིག་པ་སློབ་གཉེར་མཛད། མཁས་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་མཛད་མཇུག་རྣམས་ལེགས་པར་གྲུབ། རབ་བྱུང་གསུམ་པའི་ཆུ་ཁྱི་ཕྱི་ལོ་ ༡༢༠༢ ལོར་སྐུ་གཤེགས། སློབ་མ་སུམ་བརྒྱ་ལྷག་ཡོད་པ་ལས་གྲགས་ཆེ་བ་ནི་སུམ་སྟོན་ཡེ་ཤེས་བཟུང་དང་། ལྗང་སྨན་ལེབ་སེ། འབལ་སྨན་ཉི་མ། སྟོད་པ་ཨ་ཆོས། ཤར་མ་ཉི་མ་དཔལ། གཡུ་ཐོག་བསོད་ནམས་སེང་གེ དགེ་བཤེས་རོག་ཆུང་བཅས་ཡིན། གསུང་རྩོམ་ནི་བརྒྱད་པ་ཆེ་ཆུང་གི་སྙིང་པོ་བསྡུས་པ་དང་། དཔའ་བོའི་སྙིང་པོ་བསྡུས་པའི་མདོ་གནས་ཀྱི་འགྲེལ་བ་མཐོང་བའི་མེ་ལོང་། རྩ་དཔྱད་རིག་པ་རང་གསལ་སྡེ་ཚན་ལྔ་པ། ལག་ལེན་བོད་ཆུང་། མན་ངག་ཤོག་དྲིལ་སྐོར་གསུམ། རྒྱུད་ཆུང་བ། ཉམས་ཡིག་བུ་དོན་མ་བཅས་གསོ་དཔྱད་ཀྱི་སྐོར་དང་། དབུ་མ་རྩ་བ་ཤེས་རབ་ཀྱི་ཊིཀ་སོགས་མང་དུ་བཞུགས།