103964
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བསམ་ཡས་གཙུག་ལག་ཁང་གི་ཤར་ལྷོའི་མཚམས་སུ་གནས་པའི་བོད་ཀྱི་རི་ཆེན་ཞིག་སྟེ། བསམ་ཡས་དཀར་ཆག་ལས་འདི་ལྟར་ས་དཔྱད་ཀྱི་ཚུལ་ཡང་དུང་གི་སེང་གེ་གནམ་ལ་མཆོངས་པ་འདྲ་བ། གླང་ཆེན་ས་ལ་རབ་བརྟན་ས་ལ་ཉལ་བའི་ཚུལ་དང་མཚུངས་པར་མ་ཟད་མདུན་ནས་བལྟས་ན་བཀྲ་ཤིས་རྟགས་བརྒྱད་ཀྱི་དབྱིབས་མངོན་སུམ་དུ་ཡོད་པའི་བོད་ཀྱི་རི་ཆེན་བཞིའི་ཡ་གྱལ་ཞིག་དང་། སློབ་དཔོན་ཆེན་པོས་ལྷ་སྲིན་གདུག་པ་ཅན་རྣམས་དམ་ལ་བཞག་སྟེ་བཀའ་བསྒོ་མཛད་པའི་གནས་རི། བསྐལ་བཟང་སངས་རྒྱས་སྟོང་གི་ཕོ་བྲང་། དུས་གསུམ་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཤིང་བསམ་ཡས་རྟེན་གཙོར་གདན་དྲངས་པའི་ཇོ་བོ་བྱང་ཆུབ་ཆེན་པོའི་ཕོ་བྲང་ཡང་ཡིན་ནོ། །འདིའི་སྟེང་དུ་དུས་ཡུན་རིང་པོའི་ལོ་རྒྱུས་ལྡན་པའི་ལྷ་ཁང་རྙིང་པ་ཞིག་ཡོད་པར་གྲགས་ཀྱང་རིག་གསར་ཟེར་བའི་དུས་ཟིང་སྐབས་གཏོར་སྐྱོན་ཐེབས། ཕྱིས་སུ་སྔོན་བཞིན་ལྷ་ཁང་གསར་བཞེངས་བྱས་ཡོད། གཞན་ཡང་གནས་འདིར་ཧས་པོ་རིའི་རྩེ་མོའི་བྱང་ངོས་སུ་ལོ་ཙཱ་བ་བཻ་རོ་ཙ་ནའི་ཡུམ་གྱི་འཁྲུངས་རྟགས་སུ་བཞེངས་པར་གྲགས་པའི་མཆོད་རྟེན་དང་། ལྷོ་ངོས་སུ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་ཅོག་རོ་ཀླུའི་རྒྱལ་མཚན་གྱི་གདུང་རྟེན་རེ་རེ། རྒྱབ་ངོས་སུ་མཁན་ཆེན་ཞི་བ་འཚོའི་གདུང་རྟེན་གྱི་མཆོད་རྟེན་སོགས་མཇལ་རྒྱུ་ཡོད་པའི་གནས་མཆོག་ཞིག་ཡིན་ནོ། ། |