104148

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཧོང་ལེན་སེར་བོ་ (1)
Part of speech མིང་ཚིག
Definition མྱང་རྩི་སྤྲས་དང་དོན་གཅིག་སྟེ། ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་པོ་ཕྲ་ལ་ཐུང་བ་གཉེར་མ་ཅན་ཨ་ར་འདྲ་བའི་རྩ་ཕྲན་མང་ཞིང་གྱོང་བ་དང༌། ལོ་མ་སྔོ་ལྗང་མཐུག་ཅིང་གྱོང་བ་ནག་ཉམས་ཅན་རྒྱབ་ལྗང་ལ་གཡས་གཡོན་དུ་རེ་རེ་དང་དབུས་སུ་གཅིག་བཅས་ཁ་གྲམ་གྱི་དབྱིབས་ལ་སྐྱེ་རིམ་གཉིས་ཀྱི་སྒྲོ་དབྱིབས་སམ། རེ་རལ་ལྟ་གྱི་ཉག་ཆེན་ཡོད་ལ་ཉག་ཆེན་གྱི་མཐའ་ལ་ཡང་ཉག་ཆུང་ཡོད་ཅིང༌། སྤྱིའི་ལོ་མའི་ངར་པ་ཕྲ་ལ་རིང་བ་གསུམ་བཞི་ཙམ་གཞི་རྩ་ནས་མཉམ་དུ་སྐྱེས་པ། སྡོང་པོ་ཕྲ་ལ་ཐུང་ཞིང་ཁོང་སྟོད་བཅད་ན་འོ་མ་བབ་པ་ལོ་མའི་དབུས་ནས་འདྲོང་པོར་སྐྱེ་ཞིང་ཡལ་ག་མེད། མེ་ཏོག་སེར་པོའམ་ལྗང་སེར་འདབ་མ་ལྔ་ལྡན་དབྱིབས་ལྕེ་ཚའི་མེ་ཏོག་འདྲ་བ་སྡོང་པོའི་རྩེར་འཆར་ཞིང་དེའི་ཟེའུ་འབྲུ་སེར་སྨུག་ཡིན་ཞིང༌། འབྲས་བུ་སྔོ་སྲུབ་ཀྱི་འབྲུ་འདྲ་བ་མང་ལ་དེ་ལས་ཞིབ་པ་འདོགས་པ་སྟེ། བོད་ཀྱི་མོོན་ཡུལ་དང༌། ཙ་རི། རྫ་ཡུལ་སོགས་ནགས་རི་མཐུག་པོའི་སྤང་དང༌། ཤིང་མ་ལྡུམ་གྱི་གསེབ་ཏུ་སྐྱེ་བ། རྩ་བ་བོད་ཟླ་བདུན་པའི་ནང་བཏུས་ཏེ་གཙང་མར་བཀྲུས་རྗེས་ཨ་ར་འདྲ་བའི་རྩ་ཕྲན་དང་པགས་པ་ནག་པོ་རྣམས་མེད་པར་བཟོས་ཏེ་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་རྩུབ་པས་ཚད་པའི་ནད་རིགས་དང༌། ལྷོག་པའི་ནད། རྨི་རྙིང་ལ་རྣག་བསགས་པ། ཆུ་སེར་གྱི་ནད། གཉན་ཚད། དམར་བཤལ། མིག་ནད་སོགས་ལ་ཕན་པ་ཡིན།
Domain གསོ་རིག